དྷ་སར་འཇུས་པའི་རྒྱ་མི་དེར་འདྲི་གཅོད་བྱེད་བཞིན་པ།

རྒྱ་ནག་གི་མི་སེར་ལེ་ཤི་ཨུའན་ནི་ཆབ་སྲིད་དང་བདེ་ སྲུང་དང་འབྲེལ་བའི་མི་སྣ་གནད་ཆེན་ཞིག་ཡིན་པ་རྟོགས་ཡོད་པ་དང༌། རྒྱ་གར་གསང་བའི་ལས་ཁུངས་དང་བདེ་སྲུང་གིས་འདྲི་རྩད་བྱས་མཐར་ལེ་ཤི་ཨུའན་རྒྱ་ ནག་མི་དམངས་བཅིངས་འགྲོལ་དམག་མི་ཡིན་པ་རྟོགས་ཡོད་འདུག ཁོ་རྒྱ་གར་ལ་ཡིག་ཆ་མེད་པར་འབྱོར་ནས། ཁྲིམས་མཐུན་གྱི་ཆ་རྐྱེན་དུ་མ་བླངས་ཡོད་པ་དང༌། རྒྱ་གར་གསང་བའི་ལས་ཁུངས་དང་བདེ་སྲུང་གིས་ལེ་ཤི་ཨུའན་གསང་ཉུལ་བ་ཡིན་མིན་གསལ་ཁ་བསྟན་མེད་ཀྱང༌། རྒྱ་གར་ཉེན་རྟོག་ལས་ཁུངས་ནས་རྒྱ་ནག་གཞུང་ཚབ་ལ་གནས་ཚུལ་ཕུལ་བ་ལྟར་ལན་གང་ཡང་ བརྒྱབ་མེད་པས། བདེ་སྲུང་གིས་དོགས་གནད་ཆེ་རུ་ཕྱིན་པའི་གནས་ཚུལ་ཐོན་འདུག ཕྱི་འབྲེལ་གྱི་ཁྲིམས་ལུགས་ལྟར་ན་རྒྱལ་ཁབ་གང་ཞིག་གིས་ཕྱི་མི་ཞིག་འཛིན་བཟུང་གི་དོན་རྐྱེན་བྱུང་ན་རྒྱལ་ཁབ་དེ་ཉིད་ཀྱི་གཞུང་ཚབ་ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད་པ་རེད། འབྲེལ་ཡོད་གནས་ཚུལ་འཁོ་སྤྲོད་བྱེད་མཁན་གྱིས་གསུངས་པ་ལྟར་ན་རྒྱ་གར་གྱིས་ལེ་ཤི་ཨུའན་གྱི་ལག་ཐོགས་ཁ་པར་ཞིག་རག་ཡོད་པ་དང་འབྲེལ་རྒྱལ་སྤྱིའི་གསང་བའི་ལས་ཁུངས་ནས་རོགས་འདེགས་ཞུས་ཏེ་གནས་ཚུལ་རྩད་གཅོད་བྱེད་ཀྱི་ཡོད་པ་རེད། གསང་ཞིབ་པ་ཚོས་གནས་ཚུལ་སྤེལ་བ་ལྟར་ན་ལེ་ཤི་ཨུའན་གྱིས་ལྷ་སའི་ནང་དབང་ཚད་མཐོ་ བའི་རྒྱ་མིའི་དམག་མིའི་ལས་བྱེད་དག་ལ་འབྲེལ་གཏུག་བྱས་ཡོད་པའི་གནས་ཚུལ་རྙེད་ཡོད་པ་རེད། ལེ་ཤི་ཨུའན་གྱིས་ཁོ་རང་ཐོག་མར་རྒྱལ་ས་ནས་བལ་ཡུལ་དུ་བྲོས་པ་དང༌། དེ་ནས་རྒྱ་གར་རྒྱལ་ས་དྷི་ལི་བརྒྱུད་དྷ་རམ་ས་ལར་སླེབས་པའི་སྐོར་བཤད་ཡོད་འདུག རྒྱ་མི་དེ་ཨོ་རྩེད་འགྲན་སྡུར་སྐབས་སུའང་ཐེངས་གཅིག་དྷ་རམ་ས་ལར་ཡོང་མྱོང་བ་དང༌། རྒྱ་གར་གསང་བའི་ལས་བྱེད་པ་ཚོས་ཁོ་རང་ལ་སྐབས་དེར་རོགས་པ་བྱེད་མཁན་དང༌། འགྲིམ་འགྲུལ་ལ་སྦྱིན་བདག་བྱེད་མཁན་གྱི་བོད་མི་འགའ་ཡི་སྐོར་ལ་དོགས་གཅོད་ བྱེད་བཞིན་ཡོད་འདུག།