མ་འགྲིག་ན་ཡང་ང་ཚོ་འགོ་ཁྲིད་མཁན་ཚོས་མ་འགྲིག་པ་རེད།
དེའི་རྒྱུ་མཚན་གནས་ལུགས་རང་གིས་ཧ་གོ་བ་དང་གཞན་ལ་བཤད་ཐུབ་པ་ཡོང་ཆེད་གཙོ་བོར་དམིགས་ཡོད་པ་དང༌། གཞན་ད་ལོ་ཟབ་སྦྱོང་ཐེངས་དགུ་པ་དེ་སྔར་དང་མི་འདྲ་བའི་དགེ་འདུན་པ་རྣམས་མཉམ་ཞུགས་ཡོང་ཐབས་བྱས་ཡོད་པས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་དེ་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་བོད་པ་ཚང་མར་འགན་ཡོད་པ་ཞིག་ཡིན་པ་རེད་ཅེས་སོགས་གསུང་བཤད་གནང་སོང༌།
སྐུ་མགྲོན་གཙོ་བོ་མཆོག་གིས་ྋགོང་ས་མཆོག་གི་མ་འོངས་པའི་དགོངས་ཚུལ་ཟེར་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང༌། དབུས་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་མ་འོངས་རང་བཙན་གྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང༌། རང་དབང་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས་ཉེ་ཆར་བོད་ནང་བྱུང་བའི་གནས་ཚུལ་གྱི་འབྱུང་ཁུངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།
ཚེས་༦ ཉིན་མཇུག་བསྡུས་ཡོད་པ་དང༌། དེའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་བགྲོ་གླེང་གཙོ་སྐྱོང་འོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་འདས་པའི་ལོ་ལྔ་བཅུའི་ནང་ཤེས་རིག་དང་དཔལ་འབྱོར་གང་གི་ཐད་ནས་འཛུགས་སྐྲུན་མང་པོ་བྱས་པ་རེད། ཡིན་ཡང་འཐུས་ཤོར་ཕྱིན་ཡོད་པ་དེ་ང་ཚོ་ལས་ཀྱི་སྣེ་མོ་བ། འགོ་ཁྲིད་མཁན་ཚོས་ཤོར་ཡོད་པ་རེད། མ་འགྲིག་ན་ཡང་ང་ཚོ་འགོ་ཁྲིད་མཁན་ཚོས་མ་འགྲིག་པ་རེད། ང་བཙན་བྱོལ་ནང་གི་བོད་མི་སྡོད་ས་གང་སར་སླེབས་མྱོང༌། མི་ཚང་མ་ཡག་པོ་འདུག ྋགོང་ས་མཆོག་གི་བཀའ་བསྒྲུབས། རང་རང་གི་ལས་ཀ་གང་ཐུབ་པ་དེ་བྱས་ནས་བསྡད་འདུག མི་མང་གིས་འཐུས་ཤོར་མ་རེད། སློབ་ཕྲུག་གི་འཐུས་ཤོར་མ་རེད། མ་འོངས་པར་འགོ་ཁྲིད་མཁན་ཡག་པོ་དགོས་པ་རེད། གཞོན་སྐྱེས་ཐོན་དགོས་རེད། གཞུང་གི་རྐུབ་བཀྱག་ཁ་ཤས་ལྕགས་རེད་ཟེར་གྱི་ཡོད་པ་རེད། དེ་བརྗེ་དགོས་པ་རེད་ཅེས་གསུངས་སོང༌། གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་དང་ཐོག་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ང་ཚོས་འཛམ་གླིང་གི་འགྲོ་སྟངས་ལྟར་རྒྱ་ནག་ལ་དྲག་པོའི་ལམ་ནས་འཐབ་རྩོད་བྱས་ཡོད་པ་རེད། འཛམ་གླིང་ནང་བོད་པ་དཔའ་བོ་རེད་ཟེར་བའི་སྐད་གྲགས་བཞག་ཡོད་པ་རེད། དེ་ནས་འཛམ་གླིང་གི་འགྱུར་འགྲོས་ལ་བལྟས་ནས་འཚེ་མེད་ཞི་བའི་ལམ་ལ་ྋགོང་མཆོག་གི་བཀའ་དགོངས་བཞིན་ཕྱིན་པ་རེད། འཛམ་གླིང་གི་རྙོག་གྲ་སེལ་ཐབས་ལ་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་ལམ་སྟོན་ཞུ་ས་ཞིག་བྱུང་བ་རེད། ཡིན་ཡང་ལས་འགུལ་མང་པོ་ཁུངས་མ་འཁྱོལ་བ་བྱུང་བའམ་འཛམ་གླིང་གི་ཛ་དྲག་གནས་ཚུལ་ལ་བོད་ཀྱི་དཀའ་ངལ་སྒྱུར་མ་ཐུབ་པ་རེད། དེ་ང་ཚོའི་འཐུས་ཤོར་རེད། ང་ཚོས་ལས་འགུལ་གང་ཡིན་ལ་ཏག་ཏག་ཅིག་མ་བྱུང་བ་རེད། མ་འོངས་པར་ང་ཚོས་བོད་ནང་ཡིན་ནའང་འདྲ། ཛ་དྲག་གནས་ཚུལ་འདི་འཛམ་གླིང་གི་ཛ་དྲག་གནས་ཚུལ་ཅན་དུ་བསྒྱུར་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང༌། ཆབ་སྲིད་བཙོན་པ་གྲྭ་བག་གྲོ་ལགས་ཀྱིས་ལས་འགུལ་མང་པོ་ཁུངས་འཁྱོལ་མ་ཐུབ་པའི་གནས་ཚུལ་འདས་པའི་ལོ་རྒྱུས་ནང་བྱུང་ཡོད་པ་རེད། དེ་འཐུས་ཤོར་ཆེན་པོ་རེད། དཔེར་ན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་བཞུགས་པའི་སྐབས། བོད་གཞུང་གི་སྐུ་ཚབ་ཕྱིན་ཡོད་པ་རེད། གང་ལྟར་ལས་འགུལ་མང་པོ་ཁུངས་མ་འཁྱོལ་བ་རེད། དེ་ཚོ་བློ་ཕམ་པོ་རེད། གང་ལྟར་མ་འོངས་པར་ལས་འགུལ་གང་ཡིན་ཡང་ཁུངས་འཕེར་དགོས་རྒྱུ་རེད་ཅེས་གསུངས་ཡོད་པ་རེད། རང་དབང་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས་ང་ཚོའི་བཙན་བྱོལ་ནང་གི་མི་རབས་རྒན་པ་ཚོའི་དམིགས་ཡུལ་ལོ་ལྔ་བཅུའི་ནང་འགྲུབ་མེད་པ་རེད། རྒྱུ་མཚན། ང་ཚོའི་གཞུང་གི་རྐུུབ་སྟེགས་སྟེང་སྡོད་མཁན་གྱི་འགོ་ཁྲིད་ཚོས་བསམ་བློ་རྙིང་པ་བཟུང༌། ཆོས་ལུགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་བསམ་བློ་དབྱེ་བ་མ་ཤེས། ལྷ་དང་མི་དབྱེ་བ་མ་ཤེས། རང་བཙན་ཡོད་མཁན་དང་མེད་མཁན་གྱི་འགོ་ཁྲིད་དབྱེ་བ་མ་ཤེས། གསར་གཏོད་མ་ཐུབ། རང་སྐྱོན་རང་གིས་ཁས་མ་བླངས། ཤེས་ཀྱང་མ་ཤེས་ཁུལ་བྱས། རྙིང་ཞེན་ཁོ་ན་བྱས་པ་རེད། དེ་མང་གཙོ་ཞིག་ག་ལ་ཡིན། མང་གཙོ་ཁ་ལ་ཁྱེར་བ་རེད། མ་འོངས་པ་གསར་གཏོད་དགོས་པ་རེད། དུས་རབས་དང་འཚམས་པའི་བསམ་བློ་དགོས་པ་རེད། དུས་རབས་དང་འཚམས་པའི་གོམ་པ་སྤོ་དགོས་པ་རེད། ངས་དེ་སྔོན་འཛུགས་སྐྲུན་བྱས་པ་ཚང་མ་གཏོར་དགོས་པ་རེད་ཟེར་གྱི་མེད། ཆོས་མི་དགོས་ཟེར་གྱི་མེད། དུས་རབས་དང་འཚམས་པའི་ཡར་རྒྱས། བསྒྱུར་བཅོས་དགོས་པ་རེད་ཟེར་གྱི་ཡོད། རང་དབང་དང་རང་བཙན་ལ་མོ་བརྒྱབ། ལྷ་འབོད་བྱས། ཀླུ་འབོད་བྱས་ནས་ཡོང་རབས་ཡོད་པ་མ་རེད་ཅེས་སོགས་གསུངས་ཡོད་པ་རེད། སཱ་ར་མཐོ་སློབ་ཀྱི་རྒྱལ་རབས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཉིན་བཞིའི་རིང་ལོ་རྒྱུས་ཐོག་བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་གནས་བབ་ངོ་སྤྲོད་གནང་བ་དང༌། དེ་བཞིན་རྒྱ་གར་གྱི་མཁས་པ་ཁག་ཅིག་གིས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱིས་བོད་ལ་ཤུགས་རྐྱེན་དང༌། གསར་འགོད། ཁྲིམས་སོགས་ཀྱི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད་པ་རེད། ཟླ་འདིའི་ཚེས་༦ ཉིན་གྱི་དགོང་མོ་ཟབ་སྦྱོང་དེ་མཇུག་བསྒྲིལ་ཡོད་པ་དང༌། ཚོགས་ཞུགས་པ་ཚང་མས་དེ་ལྟ་བུའི་ཟབ་སྦྱོང་མང་པོ་དགོས་པའི་རེ་སྐུལ་ཡང་ཞུས་ཡོད་པ་རེད།། མེ་སོར་གསར་འགོད་པས།