རྒྱ་ནག་གིས་དྲ་རྒྱར་སྟངས་འཛིན་བྱེད་བཞིན་པ།

    རྒྱ་ནག་ནང་དྲ་རྒྱ་ནས་པར་དང་རོལ་དབྱངས་བརྙན་འཕྲིན་སོགས་འཚོལ་བལྟ་བྱེད་མི་ཆོག་པར་བཀག་བསྡོམས་བྱེད་བཞིན་ཡོད་པ་དང༌། གཞུང་གི་གསལ་བསྒྲགས་ཞིག་ལ་གཞིགས་ན། རྒྱ་ནག་ནང་བེད་སྤྱོད་གཏོང་མང་ཤོས་ཀྱི་དྲ་རྒྱ་གཉིས་སྟེ། གྷུ་གྷལ་དང༌། བེ་དྷུ་གཉིས་བཀག་འགོག་བྱས་ཡོད་རུང༌། པར་བརྗེ་ལེན་དང་གནས་ཚུལ་གསར་པ་འཚོལ་ཞིབ། ཟིན་བྲིས་ལ་བལྟ་རྒྱུ་སོགས་མཐའ་གཅིག་ཏུ་བཀག་ཐུབ་ཀྱི་མེད་པ་རེད། གསལ་བསྒྲགས་དེའི་ནང་དྲ་རྒྱའི་དྲ་ཁྲིམས་ལ་སུས་མ་བརྩིས་པ་ཡིན་ན། ཉེས་ཆད་ཆེན་པོ་ཡོད་ཚུལ་བརྗོད་ཡོད་ཀྱང༌། ད་བར་དྲ་ཁྲིམས་ཞིབ་ཕྲ་ཞིག་མེད་པ་རེད། གྷུ་གྷལ་གྱི་མགྲིན་ཚབ་པ་ཁུ་ཇིན་གིས་ང་ཚོའི་གྷུ་གྷལ་གྱི་དཀར་ཆག་ནང་ན་གཞོན་འཕྲོ་བརླག་འགྲོ་བའི་ལས་གཞི་རྩ་བ་ཉིད་ནས་མེད་ཅེས་གསལ་བཤད་བྱས་ཡོད་པ་རེད། རྒྱ་ནག་ནང་གི་དྲ་རྒྱ་བེད་སྤྱོད་བྱེད་མཁན་གྱི་གྲངས་འབོར་ནི་ས་ཡ་༢༥༠ ལྷག་བརྒལ་གྱི་ཡོད་ཚུལ་ལྟར་ན་འཛམ་གླིང་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་གྱི་ལུང་པ་ཆེ་ཤོས་དེ་ཡིན་སྐོར་གསལ་ཡོད་པ་རེད། རྒྱ་ནག་གི་མི་མང་རྣམས་ལ་གསར་འགོད་ཀྱི་རང་དབང་མེད་ཅིང༌། ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་བརྗེ་ལེན་བྱས་པའི་རིགས་ལ་སྲོག་ཁྲིམས་གཅོད་ཀྱི་ཡོད་ལ། གཞུང་ངོས་ནས་རྒྱ་གཞུང་གི་དྲིལ་བསྒྲགས་མ་ཡིན་པའི་གསར་ལམ་ཁག་གང་ཐུབ་ཐུབ་ཀྱིས་བཀག་འགོག་བྱས་པའི་གནས་ཚུལ་ནི་གསར་པ་ཞིག་མིན་ཡང༌། བཀག་འགོག་གི་སྟངས་འཛིན་ཤོར་བ་མངོན་གསལ་ཆེ་ཤོས་ནི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་སུ་ཡིན་པ་རེད། ད་ཆ་མུ་མཐུད་རྒྱ་གཞུང་གིས་དྲ་རྒྱ་སོགས་གསར་ལམ་ཁག་བཀག་གང་ཐུབ་བྱེད་ཀྱིན་ཡོད་ཀྱང༌། གཅིག་བཟུང་གཉིས་ཤོར་གྱི་དཔེ་བཞིན་སྟངས་འཛིན་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་རེད།།