སྲོང་གཏམ་ཚངས་པའི་ཐིག་ཕྲེང༌།

ཏཱ་ལའི་བླ་མའི་བཀའ་སློབ་གཡུགས་ནས་ཐ་མག་ཨ་རག་རྒྱུན་དུ་སྤྱོད།།

ད་ནང་ཆང་གིས་བཟི་བའི་ངན་ཁག་ན་ཚའི་སྟེང་ལ་གཡུགས་ནས་ཉལ།།

པ་ཏྲའི་རིས་ལྟར་མཁྱོགས་པའི་གཡོ་ཅན་ཕ་རོལ་དགྲ་ལ་རྐྱང་ཕྱག་འཚལ།།

བ་རྗེས་བེའུ་བཞིན་དགྲ་རྗེས་རྒྱུག་སྟེ་མ་རབས་ལྐོག་རྔན་རུམ་དུ་སྡུད།།

ཙ་ར་གཅད་རྒྱུའི་དགྲ་བོ་བོར་ནས་ཚ་གྲང་དཀྲུག་ཤིང་ནང་ལ་འཕེན།།

ཛ་ལང་ངན་པ་ལང་ལ་ཤོར་བའི་ཝ་སྐྱེས་རྒྱལ་པོའི་བརྟུལ་ཞུགས་འཆང༌།།

ཞ་ཡིག་ལྟར་མཁྱོག་མི་ཚེའི་སྐྱིད་སྡུག་ཟ་འཐུང་ཁོ་ནའི་དོན་དུ་སྐྱེལ།།

འ་ཅག་བོད་པའི་ཆོས་དང་སྲིད་ཅེས་ཡ་མཚན་གཏམ་གྱིས་མཆུ་ཏོ་རློན།།

ར་ལྟར་མཁྱོག་པའི་སེམས་ཀྱི་མདུན་ལམ་ལ་དང་ལུང་པ་གཞན་དུ་གཏོད།།

ཤ་དང་རུས་པའི་བརྩེ་དུང་ཡོངས་རྫོགས་ས་དང་ཆུ་ཡི་ཁམས་ལ་ཐིམ།།

ཧ་ལོའི་འབོད་སྒྲ་རྒྱུན་སྤྱོད་བྱས་ཏེ་ཨ་མྱེས་སྐད་ཡིག་རྡོག་རྫིས་གཏོང༌།།

ཨ་རིའི་ཌོ་ལའི་རྗེས་ལ་རྒྱུག་སྟེ་ཧ་ཅང་མཐོ་བོའི་སྲིད་སྟེགས་དོར།།

ས་དང་ཆུ་ཡི་འཐབ་རྩོད་བཞག་ནས་ཤ་ཚའི་འཛུམ་མདངས་གཞན་ལ་སྟོན།།

ལ་མོའི་རྒྱབ་ཀྱི་གཏིང་ནད་བརྗེད་ནས་ར་ཤའི་གསོལ་མགྲོན་དགྲ་ལ་དྲངས།།

ཡ་རབས་རྒྱལ་ཞེན་ཅན་གྱི་སྐེ་ལ་འ་འུ་རྫུན་ཕྲེང་ནག་པོས་གཡོགས།།

ཟ་འདྲེ་འགོང་པོའི་མགོ་བོ་ནག་པོ་ཞྭ་མོ་དཀར་པོའི་འོག་ཏུ་སྦས།།

ཝ་ལྟར་ངན་དགུ་འཛོམས་པའི་གཡོ་སྒྱུས་ཛ་ཞེས་སྒེར་གྱི་འབྲེལ་བ་འགུག།

ཚ་སྲེག་འཁོན་འཛིན་དྲག་པོའི་མེ་ལྕེས་ཙ་རིའི་ནགས་མ་ཐལ་བར་སྒྱུར།།

མ་ནོར་གཞུང་གི་འགན་འཁྲིའི་ལས་བྱར་བ་རེ་བེ་རེས་ཉིན་མཚན་འདའ།།

ཕ་དང་མེས་པོའི་རྒྱལ་རབས་བཤད་དུས་པ་ལ་ར་བཏགས་སྦྱར་ནས་དགོད།།

ན་སོ་རྒན་གཞོན་ཁྱད་པར་མི་འདུག་ད་ལྟའི་གཞུང་ཞབས་འགའ་ཞིག་གིས།།

ཐ་ན་རང་མིང་འབྲི་བར་མི་ནུས་ཏ་རིན་རློམ་པའི་ཆེ་ཉམས་འདོན།།

ཉ་དང་ཉུང་མ་འདྲེས་པའི་གསེབ་ནས་ཇ་དང་ཇ་རོ་འབྱེད་དགོས་ན།།

ཆ་རྒྱུས་ཡོད་པའི་མི་སྣ་རྣམ་པས་ཅ་རེ་ཅོ་རེའི་ཚིག་མཚོན་གྱིས།།

ང་དང་ཁྱོད་ཅེས་རྩོད་དགོས་མི་འདུག་ག་བར་ཡོད་པའི་སྐྱོན་འཛུགས་གཏམ།།

ཁ་ནས་འདོན་པའི་སྨྲ་བརྗོད་རང་དབང་ཀ་དག་དབྱིངས་ནས་སྩལ་ཡོད་དོ།།