ས་གླང་ལོར་ལོ་སར་མ་གཏོང་རོགས།
སྐབས་དེར་སྐུ་མགྲོན་དུ་སྙན་ངག་པ་ཧོར་གཙང་འཇིགས་མེད་དང༌། སྙན་ངག་པ་བེ་རི་འཇིགས་མེད་དབང་རྒྱལ་སོགས་སྤྱི་འཐུས་དང་སྤྱི་ཟུར། དེ་བཞིན་རིག་གཞུང་སྡེ་ཚན་ཁག་ཅིག་གི་འགན་འཛིན་སོགས་སྙན་ངག་དང་རིག་གཞུང་ལ་ཐུགས་སྣང་དང་མཁྱེན་རྒྱ་ཡངས་པ་ཁག་ཅིག་གདན་འདྲེན་ཞུས་ཡོད་པ་དང༌། སྐབས་དེར་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་སྙན་ངག་སུམ་ཅུ་ལྷག་གྱེར་འདོན་བྱས་ཡོད་ཅིང༌། བརྗོད་གཞི་གཙོ་བོ་༢༠༠༨ ལོ་མྱ་ངན་མུན་ནག་གི་ལོ་ཞིག་ཡིན་པ་དང༌། ལོ་འདིའི་ནང་དུ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་གང་མང་ཞིག་གི་ཚེ་སྲོག་ཤོར་བ་དང༌། བཙོན་ཁང་དུ་མནར་གཅོད་རྡུང་རྡེག་ཡ་ང་བ་གཏོང་བཞིན་ཡོད་པ་སོགས་ལ་མྱ་ངན་གུས་འདུད་དང༌། བོད་རབ་གནས་ས་གླང་ལོར་བོད་རིགས་ཡོངས་རྫོགས་ཀྱིས་ལོ་སར་གྱི་སྤྲོ་སྐྱིད་ལ་མི་རོལ་བར་མྱ་ངན་གུས་འདུད་ཀྱི་ལས་འགུལ་འདྲ་མིན་སྤེལ་དགོས་པའི་འབོད་སྐུལ་བཅས་འཁོད་ཡོད་པ་མ་ཟད། དེ་དང་འབྲེལ་བའི་ས་གླང་ལོར་ལོ་སར་སྤྲོ་སྐྱིད་ལ་མི་རོལ་བར་མྱ་ངན་གུས་འདུད་ཞུ་དགོས་པའི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད། སྐབས་དེར་སྙན་ངག་གྱེར་འདོན་བྱེད་མཁན་གྱི་གྲས་སུ་གཙོ་བོ་ནོར་གླིང་མཐོ་སློབ་ཀྱི་དགེ་སློབ་ཁག་ཅིག་དང༌། སཱ་ར་མཐོ་སློབ། གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང༌། སུ་ཇ་བོད་ཁྱིམ་སོགས་ནས་ཕེབས་ཡོད་པ་རེད།།