ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་སྙིང་བཏུས།
ད་ལམ་སྐབས་སུ་བབ་པ་ནི། ྋགོང་ས་མཆོག་སོག་ཡུལ་དང་རྒྱ་ཡུལ་དུ་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱས་པའི་མཚན་སྙན་དང་གཟི་བརྗིད་ལྡན་པའི་སྒོ་ནས་ཕྱི་ལོ་ ༡༩༠༩ ལོ་མཇུག་རྒྱལ་ས་ལྷ་སར་ཕྱིར་ཕེབས་ྋཞབས་སོར་འཁོད། དེ་ནས་མི་རིང་བར་རྒྱ་ནག་མན་ཇུའི་ལུའུ་ཅུན་དཔུང་དམག་ལྷ་སར་བཙན་འཛུལ་བྱེད་སྐབས་བཀའ་ཤག་ནས་ཚོགས་འདུར་གྲོས་བསྡུར་གནང་རྗེས་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༡༩༡༠ ཟླ་ ༢ ཚེས་ ༢༢ ཉིན་ྋ་རྒྱལ་དབང་མཆོག་ཆིབས་ཞབས་བཀའ་བློན་བཤད་ཞོལ་ཆང་གསུམ་སོགས་སྟོན་འཁོར་ཧྲག་བསྡུས་བཅས་ཁྱིམ་མཚེས་རྒྱ་གར་འཕགས་ཡུལ་དུ་བྱོན་ནས། ལོ་ངོ་གསུམ་ཙམ་གྱི་རིང་གཞིས་བྱེས་ཐབས་བྱུས་གཅིག་གྱུར་གྱི་འབད་རྩོལ་ལ་བརྟེན་ནས་ཕྱི་ལོ་ ༡༩༡༢ ལོར་དབུས་གཙང་ས་ཁུལ་སྨོས་ཅི། ཁམས་ཁུལ་ལྷགས་འབྱོར་རྒྱ་དམག་འགོ་དམངས་མང་པོས་ཀྱང་མགོ་འབུལ་ཞུས་པ་དང་བཅས་པའི་རྒྱའི་དམག་དཔུང་རྒྱ་ཡུལ་དུ་ཕྱིར་བསློགས་མཐར་སྐྲོད་ཀྱི་གཞི་རྩའི་རྒྱལ་ཁ་ཐོབ།
དུས་མཚུངས་སུ། ྋརྒྱལ་དབང་སྐུ་གོང་མ་འཕགས་ཡུལ་ནས་བོད་ཀྱི་རྒྱལ་ས་ལྷ་སར་གདན་ཞུས་ཀྱིས་རྩེ་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲི་མཐོན་པོར་ྋཞབས་སོར་འཁོད་དེ་ཕེབས་སྟོན་མཛད་སྒོ་གཟབ་རྒྱས་བསྐྱངས་པའི་བར་གྱི་ལོ་དུས་དང༌། དེ་རྗེས་ཀྱི་ལོ་རིམ་སོ་སོའི་ནང་མཛད་པ་དཔེར་ན། ༡༩༡༣ ལོར་བོད་སོག་ཆིངས་ཡིག་དང༌། ༡༩༡༤ ལོར་དབྱིན་བོད་རྒྱ་གསུམ་ཆིངས་མོལ་ལ་སོགས་པའི་ལོ་དུས་སོ་སོར་མི་ལོ་བརྒྱ་རེ་འཁོར་བའི་དུས་དྲན་ལས་འགུལ་རེ་ལོ་ནས་ལོ་བསྟུད་སྤེལ་དགོས་གནད་འགག་ཆེན་པོ་ཡིན་པར་མངོན།
དེ་ལྟར་རང་རེ་བོད་ཕྱི་ནང་གི་བོད་མི་ཚང་མས་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༢ ཉིན་ནས་བཟུང་ྋགོང་ས་སྐྱབས་མགོན་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་བཀའ་དྲིན་ལྷག་པར་དྲན་པའི་བགྲོ་གླེང་ཚོགས་འདུ་ཚོགས་པ་དང༌། རྩོམ་ཡིག་འབྲི་བ། རྒྱ་དཀར་ནག་དང་རུ་དབྱིན་ལ་སོགས་པའི་ཕྱི་རྒྱལ་ཡིག་རིགས་འདྲ་མིན་ནང་ྋརྒྱལ་མཆོག་འདིའི་ཆོས་སྲིད་མཛད་འཕྲིན་འབྲེལ་ཡོད་ལོ་རྒྱུས་ཐོར་བུ་ཇི་ཡོད་འཚོལ་བསྡུ་ཕྱོགས་བསྡེབས་ཐོག །དེ་དག་བོད་ཡིག་ཏུ་ཕབ་བསྒྱུར་དེབ་བཟོ་ཐུབ་ཐབས་ཀྱི་བསྒྲུབ་བྱ་འདི་ཁོ་ནར་ཆོས་རྒྱུད་རིས་མེད་ཀྱི་ཤེས་ཡོན་ཅན་དང་བཅས་པ་ཚང་མས་དམིགས་བསལ་ནུས་ཤུགས་མཉམ་བསྐྱེད་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བར་མཛོད་ཅིག་ཅེས་འབོད་སྐུལ་ཞུ་རྒྱུ།
འདི་ལྟའི་ལས་འགན་དྭང་བས་འཁུར་ལེན་ཐུབ་མཁན་གཙོ་བོ་ནི། བོད་ཕྱི་ནང་གི་བོད་མི་དར་གཞོན་ཤེས་ལྡན་ཕྱི་རྒྱལ་ཁག་གི་སྐད་ཡིག་ལའང་སྦྱངས་པ་ཡོད་པ་རྣམས་ཡིན་ཞིང༌། དེར་བརྟེན་གུས་རྒས་པོས་རྩོམ་སྒྲིག་འགན་འཁུར་གཙང་ལེན་ཞུས་པ་ྋགོང་ས་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་རླབས་འཕྲེང་བརྒྱ་ལྡན་ཞེས་བྱ་བ་གླེགས་བམ་དང་པོའི་སྔོན་འགྲོའི་ལོ་རྒྱུས་ནང༌། ྋརྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་འཕྲེང་རིམ་བྱོན་གྱི་མཛད་རྣམ་བསྡུས་ཙམ་རེ་ཕྱོགས་བསྒྲིགས་ས་བཅད་ཀྱི་རིམ་པར་ཡོད་པའི་ཁོངས་ནས་ྋརྒྱལ་དབང་སྐུ་གོང་མའི་མཛད་རྣམ་བསྡུས་པའི་གཙོ་དོན་སྙིང་བཏུས་སུ་བཀོད་དེ་དམིགས་བསལ་དཔར་འགྲེམས་ཞུས་པ་ཡིན།
མཛད་རྣམ་སྙིང་བཏུས་འདི་དཔར་ཐོན་ཐུབ་པ་ནི། ཕྱོགས་གང་ས་ནས་ཕྱར་བ་གྲུ་འདེགས་བྱུང་བའི་སྤྱི་ཤུགས་ཀྱི་གྲུབ་འབྲས་ཐོན་པ་ཞིག་ཡིན་ཞིང༌། འོན་ཀྱང་མཛད་རྣམ་དངོས་གཞིར་སྲོལ་རྒྱུན་མཆོད་བརྗོད་དང་མཇུག་སྨོན་ཚིགས་བཅད་མེད་པར། ཟུར་སྣོན་ཡིག་ཆ་དཀར་ཆག་སྦྲགས་མ་ནང་གསལ་ཐུགས་རྗེ་ཆེ་ཞུས་མཇུག་རྫོགས་པ་ལ་སོགས་པའི་རྩོམ་སྒྲིག་ཞུ་ཕྱོགས་ལ་སྐྱོན་ཆ་དང༌། ཚིག་དོན་ནོར་འཁྲུལ་ཡོད་པ་ཚང་མ་གུས་རང་གི་ཤེས་ནུས་ཀྱིས་མ་ལྡངས་པའི་སྐྱོན་གནད་འབའ་ཞིག་ཏུ་ངོས་ལེན་ཞུ་རྒྱུ་ཡིན་ལགས་པས། དེ་དོན་གཟུར་གནས་མཁྱེན་ལྡན་བགྲེས་གཞོན་རྣམ་པས་དགག་སྒྲུབ་ལེགས་ཆའི་དགོངས་འཆར་སྩོལ་བ་དང༌། དམིགས་དོན་འགྲུབ་ཐབས་ལ་གང་ཅིའི་ཕན་གྲོགས་གནང་བའི་རེ་བ་ཆེན་པོ་ཞུ་བཞིན་ཡོད་ལགས་པ་བཅས་ཀྱི་སྔོན་གླེང་དུ། སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས། བོད་རྒྱལ་ལོ་ ༢༡༣༥ ཤིང་ཕག་ཟླ་ ༦ ཚེས་ ༢༦ ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༧ ཉིན་བྲིས་པ་འདི་བཞིན་གུས་རང་ལོ་བརྒྱད་ཅུ་གྱ་གཅིག་ཏུ་སོན་པ་གཞུང་ཞབས་རྒས་པོའི་ཁ་ཆེམས་ཡིན་པར་དགོངས་པའི་ཐུགས་སྣང་ཡོད་པ་ཞུ།།