ཕོ་བྲང་དཀར་པོའི་ནང་སྐུ་ཞབས་བྷུ་ཤིའི་མཐའ་མཇུག་གི་གསུང་བཤད།

རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་སྲིད་འཛིན་བྷུ་ཤི་ནི་ཨ་རིའི་སྲིད་འཛིན་རིམ་བརྒྱུད་ནང་ནས་སྲིད་འཛིན་སྡུག་ཤོས་དེ་ཡིན་པ་དང༌། ཁོང་གི་སྐབས་ལ་བྱུང་བའི་ཨ་རིའི་གྱོང་རྒུད་དེ་དག་ལོ་རྒྱུས་ཀྱི་ཆ་ཤས་སྡུག་ཤོས་ཤིག་ཡིན་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
    ཨ་རིའི་སྲིད་འཛིན་གསར་པ་ཨོ་བྷ་མས་ཟླ་འདིའི་ཚེས་༢༠ ཉིན་ཕོ་བྲང་དཀར་པོར་དངོས་སུ་སྲིད་འཛིན་གྱི་ལས་གནས་སུ་ཞུགས་རྒྱུ་ཡིན་པ་དང༌། ཁོང་གིས་ལས་གནས་མ་བཞེས་པའི་སྔོན་དུ་འབྱུང་འགྱུར་གྱི་ལས་གཞིའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། ད་ལྟ་ཨི་རན་དུ་རྡུལ་ཕྲན་མཚོན་ཆའི་བཟོ་བསྐྲུན་གྱི་ལས་གཞི་དེ་ལ་བྷུ་ཤིའི་འཛིན་སྐྱོང་གིས་སྟངས་འཛིན་བྱེད་ཕྱོགས་ལས་གཞན་པའི་ལམ་ལུགས་ཤིག་གི་ཐོག་ཤར་བསྐྱོད་བྱེད་རྒྱུ་དང༌། འཛམ་གླིང་གི་དཔལ་འབྱོར་ནུས་ཤུགས་རྒྱས་ཐུབ་མིན་ནི་ཨ་རིའི་དཔལ་འབྱོར་གནས་བབས་ལ་རག་ལས་ཡོད་པས། ང་ཚོས་འཛམ་གླིང་མི་མང་གི་རེ་བ་སྐོང་ཆེད་གང་མགྱོགས་མདུན་བསྐྱོད་བྱེད་དགོས་པ་ལས། གང་ཡང་མ་བྱས་ན་མ་རྐང་ཁྲོམ་ར་བསྐྱར་གསོ་བྱེད་རྒྱུ་ནི་རེ་བ་དང་བྲལ་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད། ཁོང་གིས་སྲིད་འཛིན་གྱི་འགན་བཞེས་མ་ཐག་བདུན་གཅིག་གི་རིང་ལ། ཕྱི་ལོ་༡༩༣༠ ལོ་ནས་ཨ་རིའི་དཔལ་འབྱོར་ཉམས་ཉེས་ཕྱིན་པར་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐད་འཆར་འགོད་བྱེད་རྒྱུ་དང༌། ད་ལྟ་སྔོན་རྩིས་ལྟར་བྱས་ན་ཕྱི་ལོ་༢༠༡༡ ལོའི་ནང་ལས་མེད་ས་ཡ་གསུམ་ལ་ལས་ཀ་མཁོ་སྤྲོད་བྱེད་རྒྱུ་དང༌། དེ་བཞིན་སྒེར་དང་ཚོང་ལས་སྡེ་ཚན། འཛུགས་སྐྲུན་འགྲོ་བཞིན་པ། སློབ་གྲྭ་སོགས་ལ་དཔྱ་ཁྲལ་ཉུང་འཕྲིའི་ལས་གཞི་བཅས། ཨ་རིའི་མི་མང་རེ་བ་གསར་པ་ཞིག་དང་མདུན་ལམ་གསར་པ་ཞིག་གི་ཐོག་ལ་སྣེ་འཁྲིད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་སོགས་གསུངས་ཡོད་པ་རེད།།