རྒྱ་ནག་ལ་དཔལ་འབྱོར་ཁྲོམ་རའི་དཀའ་ངལ།

    རྒྱ་རིགས་ལས་ཀ་མེད་པར་གྱུར་པའི་མི་མང་ས་ཡ་དུ་མ་རང་ཁྱིམ་དུ་ལོག་བཞིན་ཡོད་པ་དང༌། རྒྱ་ནག་གི་མེ་འཁོར་འབབ་ཚུགས་རྣམས་སུ་ལས་གཉེར་བ་འབོར་ཆེན་འཚང་ཁ་ཤིག་ཤིག་གིས་རྒྱ་ལུགས་ལོ་སར་དང་བསྟུན་ནས་ཕྱིར་ལོག་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གིས་ལས་བྱེད་ས་ཡ་མང་པོ་ལས་མེད་ཆགས་པ་དང༌། འགའ་ཤས་ལ་ལས་ཀ་ཉུང་དུ་ཕྱིན་ནས་ལས་ཁུངས་ནས་དགོངས་ཞུ་བྱེད་དགོས་བྱུང་བ་དང༌། འགའ་ཤས་ལ་དུས་ཚོད་ཕར་འགྱངས་བྱེད་དགོས་པའི་དཀའ་ངལ་འཕྲད་ཡོད་པ་རེད།  ཡང་འགའ་རེས་ལས་ཀ་ནས་རྩ་དགོངས་ཞུས་ནས་བཟོ་གྲྭའམ་ལས་ཁུངས་མ་རྩ་མ་རྡིབས་གོང་དངུལ་རྐྱང་ལག་ཐོག་ཏུ་ལོན་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཕྱི་ཚོང་ཞན་དུ་ཕྱིན་པ་དེས་རྒྱ་ནག་གི་ཁྲོམ་ར་ཆེ་ཤོས་གཉིས་སྟེ། ཨ་རི་དང་ཡོ་རོབ་དུ་རྒྱ་ནག་གི་ཅ་དངོས་སམ་ཚོང་ཆས་ལ་མངགས་ཉོ་བྱེད་མཁན་ཉུང་དུ་ཕྱིན་ཡོད་འདུག མ་ཟད་ཚོང་གི་དངུལ་རྩིས་ཞན་པས་ཕྱི་ཚོང་གི་ཚོང་ཤག་རྣམས་ཀྱིས་དོགས་བཟོན་ཆེ་རུ་ཕྱིན་པ་དང༌། ལྷག་པར་དུ་ཕྱི་དོན་ཚོང་གཉེར་བ་རྣམས་ཀྱིས་ཡིད་ཆེས་ཡོང་བའི་ཕྱིར་ཕྱི་རྒྱལ་གྱི་དངུལ་ཁང་ནས་ཡིག་ཆ་ཉོས་ཏེ་ཕྱིས་སུ་ཉོ་མཁན་མ་རྩ་ཤོར་ན་དངུལ་ཁང་གིས་སྐྱིན་ཚབ་སྤྲད་རྒྱུ་སོགས་ཚོང་ལས་ལ་བརྟན་ཆ་མེད་པའི་གནས་སུ་གྱུར་ཡོད་ཅིང༌། དངུལ་ཁང་གིས་ཀྱང་ཡིག་ཆའི་གོང་ཚད་མཐོ་རུ་གཏོང་བ་དང༌། ཡིག་ཆའི་རིན་པ་ཧ་ལམ་ཉིན་རེ་ནས་འགྱུར་བ་འགྲོ་ཡི་ཡོད་པ་རེད། ད་ལྟའི་ཆར་ཕྱི་ཚོང་ཙམ་མ་ཟད་ནང་ཚོང་གི་མྱུར་ཚད་ཀྱང་ཧ་ཅང་ཆག་ཡོད་འདུག ཧྲང་ཧེ་ནས་མ་རྐང་ཁྲོམ་ར་བརྒྱ་ཆ་༡་༡ རྡིབས་པ་དང༌། རྒྱལ་ཡོངས་སུ་ཁྲལ་འཕར་བ་སོགས་ཀྱིས་རྒྱ་ནག་གི་བཟོ་གྲྭ་དང་ཚོང་གཉེར་བ་སོགས་ཀྱིས་སེམས་འཚབ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་རེད། ཕྱིའི་རྒྱལ་ཁབ་ཁག་གིས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ནས་རྒྱ་ནག་གི་ཚོང་ཟོག་མངགས་ལེན་བྱེད་རྒྱུ་ཉུང་དུ་ཕྱིན་ཡོད་པ་བཅས་རྒྱ་ནག་གི་དཔལ་འབྱོར་ཉམས་གུད་འགྲོ་བཞིན་པས་རྒྱལ་ཁབ་སྲ་བརྟན་ལ་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག།