དམྱལ་བ་ས་སྟེང་དུ་འཕོས་པ་ལྟ་བུའི་འཚོ་བ་སྐྱེལ་བཞིན་པ་རེད།

   ཁོང་གིས་མུ་མཐུད་གསུང་དོན། དང་པོ་མི་བཅུ་ཕྲག་ཙམ་གྱིས་འགོ་ཁྲིད་ནས་དཀར་མཛེས་གཞི་ཐོག་ཁ་ཟེར་བའི་ས་ཆར་སྐད་འབོད་དང༌། ཡི་གེ་གཏོར་བ། བོད་ཀྱི་རྒྱལ་དར་འཕྱར་བ་བཅས་བྱེད་སྐབས་རྒྱ་མིའི་ཉེན་རྟོག་པ་མང་པོས་མཐའ་ནས་བསྐོར་བ་དང༌། དེ་ནས་མི་སེར་སྟོང་ཕྲག་མང་པོ་འཛོམས་ནས་ཚང་མས་ྋརྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་བཞུགས་གདན་འཇགས་དགོས། བོད་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་སྐད་བརྒྱབ་པ་ཡིན། རྒྱ་དམག་སྟོང་ཕྲག་མང་པོས་བཀག་འགོག་བྱས་སོང༌། དེར་སྐར་མ་གསུམ་ཙམ་སྐད་འབོད་བྱས་རྗེས། བྱང་ཕྱོགས་སུ་རྒྱ་དམག་གི་ལས་ཁུངས་ཡོད་སར་ཕྱིན་པ་ཡིན། དེར་རླངས་འཁོར་གྱི་ལམ་ཁར་ཉེན་རྟོག་པ་དང་དམག་མི་མང་པོ་འདུག མི་སེར་ཚང་མ་དེར་བཀག་སོང༌། ང་དང་བཅས་པའི་མི་ལྔ་སྐད་འབོད་བྱས་ནས་ཕྱིན་པ་ཡིན། དེ་ནས་དམག་མི་མང་པོས་ལག་ཏུ་དུག་རྫས་དང༌། མེ་མདའ། ལྕགས་མདའ། གློག་རྒྱུགས་དེ་འདྲ་མང་པོ་ཁྱེར་ནས་ང་ཚོ་ལ་གང་བྱུང་མང་བྱུང་བརྒྱབ་བྱུང༌། མིག་ལམ་དུ་སྐར་མ་འཆར་ཡོང་བ་དེ་འདྲ་བརྡུང་བྱུང༌། ས་ལ་བསྒྱེལ། རྐང་ལག་བཅག ཁྲག་གིས་དམར་ཐིང་ཐིང་ཡོད་པ་བཟོས་བྱུང༌། དེ་ནས་མེ་མདའ་བརྒྱབ་བྱུང༌། ངའི་རོགས་པ་ལ་མེ་མདའ་བརྒྱབ་སོང༌། ངའི་རྐང་པ་ལ་མེ་མདའ་བརྒྱབ་བྱུང༌། འོན་ཀྱང་ཤ་ལྤགས་མ་གཏོགས་སྐྱོན་མི་འདུག སྒལ་རྒྱབ་ཏུ་མེ་མདའ་བརྒྱབ་བྱུང༌། གྱོན་ཆས་མཐུག་པོ་ཡོད་སྟབས་གྱོན་ཆས་མ་གཏོགས་སྐྱོན་བྱས་མི་འདུག རོགས་པ་ཚོ་ཤི་ཡོད་དམ་སོས་ཡོད་ཧ་གོ་མ་སོང༌། དེ་རྗེས་ང་དམག་མིས་འཛིན་བཟུང་བྱེད་མ་ཐུབ་པར་བྲོས་ནས་འབྲོག་སྡེ་ཡོད་སར་གབ་བསྡད་པ་ཡིན། དེ་རྗེས་རོགས་པ་ཚོ་ཤི་གསོན་གང་བྱས་ཧ་གོ་རྒྱུ་མི་འདུག ཤི་མིན་རོ་མིན་བཟོས་ནས་བཙོན་ཁང་ནང་ཁྱེར་སོང་ཟེར། མི་མང་གཞན་ཚོས་ཀྱང་སྐད་རྒྱག་ས་མ་རག་པ་མ་ཟད། རྡུང་རྡེག་བཏང༌། བཙོན་འཇུག་བྱས་པ་རེད། དེ་ནས་དགོང་དྲོའི་ཆུ་ཚོད་༨ ཙམ་ལ་རྫོང་གིས་བཀའ་ཕབ་ནས་གསལ་བསྒྲགས་སྦྱར་བ་རེད། གསལ་བསྒྲགས་དེའི་ནང་སང་ཉིན་ནས་བཟུང་ངོ་རྒོལ་བྱེད་དུ་སུ་སླེབས་ཡོང་ན། མེ་མདའ་བརྒྱབ་ནས་གསོད་ཀྱི་ཡིན་ཞེས་འཁོད་ཡོད་པ་རེད། གསལ་བསྒྲགས་ཀྱི་ནང་དོན་གྲོང་གསེབ་ཁག་ལ་བཀྲམས། ཆུ་ཚོད་དགུ་པ་ཙམ་ལ་ཁྲིན་ཏུའུ་དང་ལན་ཀྲུའུ་ནས་ཐད་འཕུར་གནམ་གྲུའི་ནང་ནས་དམག་མི་མང་པོ་དཀར་མཛེས་སུ་བབ་པ་རེད། དཀར་མཛེས་ཀྱི་དགོན་པ་ཁག་དང་མི་མང་ཚང་མར་དྲག་གནོན་བྱ་རྒྱུའི་གྲ་སྒྲིག་བྱས། ཕར་འགྲོ་ཚུར་འོང་གི་ལམ་ཚང་མ་བཀག་པ་རེད། དེ་འདྲའི་བཙན་གནོན་དང་གདུག་རྩུབ་ཀྱིས་ཚང་མ་བཙོན་པ་བཞིན་སྡོད་དགོས་བྱུང་བ་རེད། དཀར་མཛེས་རྫོང་གི་སྦྲག་ཁང་སོགས་ས་གནས་གནད་འགག་ཆེ་ས་ལ་དམག་སྒར་ཁག་བདུན་ཙམ་བརྒྱབ་པ་དང༌། སྲང་ལམ་ཚང་མར་དམག་མི་ཁྲི་ཕྲག་འདུས་ནས་ཁག་ཅིག་གིས་མེ་མདའ་ཁུར་ནས་ཡར་མར་འགྲོ་བ་དང༌། ཁག་གཅིག་གིས་ལམ་བཞི་མདོ་ཡོད་སར་རྩྭ་སྒྱེའི་ནང་བྱེ་མ་བླུགས་པ་བརྩིགས། ཁང་པ་མཐོན་པོ་ཡོད་ཚད་ཀྱི་སྒང་ལ་དམག་མི་བསྡད་ཡོད་པ་རེད། དེང་སང་དཀར་མཛེས་ཀྱིས་གཙོས་པའི་བོད་ཆོལ་ཁ་གསུམ་གྱི་ནང་དུ་དམྱལ་བ་ས་སྟེང་དུ་འཕོས་པ་ལྟ་བུའི་འཚོ་བ་སྐྱེལ་བཞིན་བསྡད་ཡོད་པ་རེད། ཡིན་ནའང་བོད་སྤྱི་པའི་དོན་དུ་ལུས་སྲོག་འབེན་དུ་བཙུགས་ནས་སྐད་རྒྱག་གི་ཡོད་པ་རེད། བཙོན་ཁང་ནང་དུ་ས་རྗེན་མར་གྱོན་གོས་མེད་པར་སྡོད་བཅུག་པ་དང༌། དཀར་ཆ་མེད་པ། ཁ་ལག་མི་སྤྲད་པ་སོགས་སྡུག་སྦྱོང་མནར་གཅོད་དེ་འདྲ་གཏོང་གི་ཡོད་པ་རེད། ད་ལྟ་བར་དུ་དཀར་མཛེས་ཀྱི་མི་བཞི་བཅུ་ཙམ་ལ་ཁྲིམས་ཐག་བཅད་ཚར་བ་རེད། ཐག་མ་བཅད་པ་བཞི་བརྒྱ་ལྔ་བརྒྱ་ཙམ་བཙོན་ཁང་དུ་བཅུག་བཞག་ཡོད་རེད་ཅེས་འགྲེལ་བརྗོད་གནང་སོང༌།    འདིར་འབྱོར་སྐབས་ཚོར་སྣང་ག་འདྲ་བྱུང་མིན་དང༌། མ་འོངས་ལས་འགུལ་ག་འདྲ་སྤེལ་ན་ཡག་པོ་ཡོད་མེད་སྐོར་དྲིས་པར། ཁོང་གིས་མར་ཤི་ནས་ཡར་སོས་པ་ལྟ་བུའི་ཚོར་བ་བྱུང་སོང༌། བོད་ཕྱི་ནང་གཉིས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་སེམས་ཅན་ལ་འཚེ་བ་མེད་པའི་ལས་འགུལ་སྤེལ་ན་གྲུབ་འབྲས་ཐོན་གྱི་རེད་ཅེས་དང༌། རྒྱ་གཞུང་གིས་བོད་པ་ཚོས་དྲག་པོའི་ལས་འགུལ་སྤེལ་བ་རེད་ཅེས་ནག་ཉེས་བཙུགས་པ་དེར་བསམ་ཚུལ་གང་ཡོད་དྲིས་པར། ལག་མཐེ་བོང་བསྒྲེངས་ནས་ང་ཚོར་འགྲོ་བ་མིའི་ཐོབ་ཐང་མི་འདུག བོད་ལ་རང་དབང་མི་འདུག ཆོས་ལུགས་དད་པ་རང་དབང་མི་འདུག་ཅེས་སྐད་བརྒྱབ་པ་རེད། འཛམ་བུ་གླིང་དུ་འགྲོ་བ་མིའི་ཐོབ་ཐང་ཡོད་ན་སྐད་རྒྱག་ཆོག་གི་རེད། ལས་འགུལ་སྤེལ་ཆོག་གི་རེད། དྷ་རམ་ས་ལ་ཡིན་ནའང་གཞུང་གིས་མ་འགྲིག་ན་མི་མང་ཚོས་སྐད་རྒྱག་གི་འདུག སུ་གཅིག་འགོག་མཁན་ཡོད་མ་རེད། འགྲོ་བ་མི་ཡིན་སྟབས་ཐོབ་ཐང་དགོས་ཀྱི་རེད། བོད་ལ་ཐོབ་ཐང་ཡོད་མ་རེད། དེ་ལ་བརྟེན་ནས་སེམས་ཀྱི་སྡུག་བསྔལ་མ་ཐེག་ནས་སྐད་བརྒྱབ་པ་རེད། ཁོ་ཚོས་ྋརྒྱལ་བ་རིན་པོ་ཆེས་སྐད་རྒྱོབ་ཤོག་ལབ་པ་རེད། བཙན་བྱོལ་གཞུང་གིས་སྐད་རྒྱོབ་ཤོག་ལབ་ཀྱི་ཡོད་རེད་ཅེས་ཟེར་གྱི་ཡོད་རེད། དེ་འདྲ་རྩ་བ་ནས་ལབ་དགོས་མ་རེད། བོད་ནང་གང་འདྲ་ཡིན་མིན་བོད་མི་ཚོས་ཧ་གོ་ཡི་རེད། རྒྱ་དམག་གིས་དམག་ཆས་གྱོན་དགོས་པ་ཁོ་ཚོའི་སྒྲིག་ཁྲིམས་རེད། དམག་མིའི་གྲྭ་ཆས་གྱོན་པ་ཁོ་ཚོའི་སྒྲིག་ཁྲིམས་མ་རེད། འོན་ཀྱང་དམག་མིས་གྲྭ་ཆས་གྱོན་གྱི་ཡོད་པ་རེད། དམག་མིས་བོད་ཆས་གྱོན་གྱི་ཡོད་པ་རེད། བོད་པས་བོད་ཆས་ཆ་ཚང་གྱོན་ཆོག་གི་མ་རེད་རྩ་ཁྲིམས་དང་འགལ་གྱི་རེད་ཅེས་དང༌། ད་དུང་ང་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་མཁན་བྱུང་ན་རྒྱ་སྒོར་ཁྲི་༡༥ དང་༢༠ སྤྲད་རྒྱུ་ཡིན་ཞེས་དཀར་རྫོང་ཁག་བཅོ་བརྒྱད་ལ་རྩ་ཚིག་བཀྲམ་ཡོད་པ་མ་ཟད་ལྷ་སར་ཡང་པར་བཀྲམ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།