ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་བཀའ་སློབ།

བོད་གངས་ཅན་གྱི་ལྗོངས་སུ་རིས་     སུ་མ་ཆད་པའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་ལྟེ་གནས་ཁག་ལ་ཆ་རྐྱེན་ཡོད་བསྡད་པ་དེ། ཁྱོད་རང་ཚོས་ཐུན་མོང་གི་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེས་ཕན་ཐོགས་བྱུང་ཡོད་རེད་ཅེས་དང༌། ནང་པའི་འགྲོ་སྟངས་དེ་རིག་པ་ལ་བསམ་བློ་བཏང༌། རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་བསྡད་པ་ཞིག་རེད། དེ་ཚན་རིག་གི་འགྲོ་སྟངས་དང་མཐུན་པ་རེད། བོད་ཀྱི་ཆོས་དེ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིག་ཡིན་པའི་ཉེར་ལེན་གྱི་དབང་གིས་དེ་རིང་ཁ་སང་ཚན་རིག་ནང༌། སེམས་དང་ཀླད་པའི་སྐོར། སེམས་ཀྱི་འཕྲོད་བསྟེན་སྐོར། ལུས་པོའི་འཕྲོད་བསྟེན་སོགས་ཀྱི་ཐོག་ནང་ཆོས་ནས་ཚུར་རིག་པ་བསླབ་པ་དང༌། བསླབ་བྱ་ལེན་པ་སོགས་ཀྱིས་དོ་སྣང་བྱེད་བཞིན་པ་རེད་ཅེས་དང༌། དོལ་རྒྱལ་ནི་ྋརྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་སུ་བྱུང་ཡོད་པ་དང༌། དེའི་སྐབས་ྋརྒྱལ་བ་སྐུ་ཕྲེང་ལྔ་པས་དོལ་རྒྱལ་བསྟེན་སྲོལ་བཀག་ཡོད་ལུགས་དང༌། ྋགོང་ས་མཆོག་ནས་ཀྱང་༡༩༧༤ དང་༡༩༧༥ ཙམ་ནས་བརྟག་དཔྱད་རིམ་པ་བྱས་རྗེས་སུ། དོལ་རྒྱལ་བསྟེན་ན་གནོད་སྐྱོན་ཡོད་པ་ཤེས་ནས་བཀག་འགོག་གནང་ལུགས་དང༌། སྒེར་སོ་སོའི་ངོས་ནས་བསམ་བཞིན་དུ་དོལ་རྒྱལ་བསྟེན་ན་དགེ་མཚན་ཡོད་པ་ཞིག་ཏུ་མཐོང་ནས་མུ་མཐུད་བསྟེན་བསྡད་ན་བྱེད་རྒྱུ་གང་ཡང་ཡོད་མ་རེད། སོ་སོའི་རང་དབང་རེད། སོ་སོས་ཤེས་བཞིན་དུ་དུག་ཟས་པ་ཡིན་ན་རང་དབང་རེད་མ་གཏོགས་བྱེད་རྒྱུ་ཡོད་མ་རེད་ཅེས་དང༌། ཡང་ཁོང་གིས་འཕྲོད་བསྟེན་གྱི་སྐོར་གསུང་དོན། དེང་སང་ནད་ཨེ་ཙི་ཟེར་བ་དེར་སྔོན་འགོག་བྱེད་དགོས་ལུགས་དང༌། ངོ་ཚ་བྱས་ནས་མ་བསྡད་པར་ན་ཚ་དེ་སྔོན་འགོག་ཇི་ལྟར་བྱེད་དགོས་མིན་སྨན་པའི་སར་མ་བཅར་བ་ཡིན་ན། རིགས་རྒྱུད་རྩ་སྟོང་འགྲོ་བའི་ཉེན་ཁ་ཡོད་པ་བཅས་ཀྱི་སྐོར་སོགས་ལ་བླངས་དོར་བཀའ་སློབ་གནང་ཡོད་པ་རེད།།