ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།
ཏུན་ཧོང་ཡིག་ཆ། (P.T.1287) ལེའུ་བཞི་པར། བཙན་པོ་སློན་མཚན་དང༌། སློན་ཀོལ་མཆེད་གཉྀས་ཀྱིས། མྱང་ཙེ་སྐུ་དང༌། དབའས་དབྱྀ་ཚབ་དང༌། དབའས་མྱེས། སྣང་དང༌། དབའས་པུ་ཚབ་དང༌། མནོན་འདྲོན་པོ་དང༌། ཚེས་པོང་ནག་སེང་དྲུག བྲོ་སྩལ་པ་འྀ་ཚིག་ནྀ། དེང་ཕན་ཆད། ཟིང་པོ་རྗེ་རྒྱབ་དུ་མྱྀ་དོར་རེ། སྤུ་རྒྱལ་པང་དུ་མྱྀ་ལེན་རེ། །བཙན་པོ་སྤུ་རྒྱལ་ལ་གློ་བ་འདྲྀང་རེ། །མཐང་གྲང་རེ། མན་ངག་ཐུབ་པར་མྱྀ་འཚལ་རེ། པྱྀ་མ་ནང་འཚལ་རེ། སོམ་ཉི་བགྱྀད་རེ། །བརྟུལ་ཕོད་པར་མྱྀ་འཚལ་རེ། །སྲོག་སྤོངས་མྱིའཚལ་རེ། །བཙན་པོ་སློན་བཙན་གྱིས། བཀའ་ཇྀ་སྩལད་པ་བཞིན་མྱྀ་ཉན་རེ། གཞན་སུས་བསླུས་ཀྱང་ཉན་རེ་བར་བྲོ་སྩོལ་ཏོ། །མྱང་ཙེང་ཅུང་དང༌། མྱང་མུ་གསེང་དང༌། ཚེས་པོང་ན་གུ་དང༌། དབའས་མྱེས་སྣང༌། དབའས་པུ་ཚབ་རྣམས་བྲོ་ལ་གཐོགསོ། །དེ་ནས་དགུང་ཐུས་བགོས་སྟེ། སླར་མཆོས་སོ། །གཅུང་སློན་ཀོལ་དང༌། ཡུམ་སྟོང་ཙུན་གཉྀས་ནྀ། སླད་ན་ཡུལ་འཚོའ། ཞྀང་བཞུགས་སོ། །བཙན་པོ་ཁྲི་སློན་བཙན་གྱིས། ཞབས་ཀྱྀས་བཙུགསཏེ། དམག་ཁྲི་དང་ཆསྟེ་དྲངས་སོ། །མྱང་ཙེང་སྐུ་དང༌། མནོན་འདྲོན་པོ་གཉིས་ནྀ། སྟག་པ་ཤརུ་ལ་ཚུན་ཆད། བྱ་གཆོད་ཆིང་ཉན་རྣར་བཀྱེའོ། །དབའས་དབྱྀ་ཚབ་དང༌། ཚེས་པོང་ནག་སེང་གཉིས་ནྀ། བཙན་པོ་འི་སྤྱན་འདྲེན་ནོ། །ཆུ་བོ་ནི་རབ་ཏུ་བཏོད་དོ། །དྲ་ལ་ནྀ་དབྱེ་རུ་བཏྀང་ངོ༌། མཁར་ཡུ་སྣ་ནྀ་ཕབ་བོ། །དགུ་གྲྀ་ཟིང་པོ་རྗེ་ནྀབརླག་གོ། །མང་པོ་རྗེ་སུམ་བུ་ནྀ་དྲུ་གུ་ཡུལ་དུ་བྲོས་སོ། ཕགྀ་ཡུང་བ་སྣ་མན་ཆད། རྐོང་བྲེ་སྣར་ཡན་ཆད། བཙན་པོ་པྱག་དུ་བོན་ཏོ། །བཙན་པོ་ཁྲི་སློན་བཙན་གྱྀས། བཀའ་སྩལ་ཏེ། ཡུལ་ངས་པོ་ལས། འཕན་ཡུལ་དུ་མྱྀང་སྤོས་སོ། །མྱང་དབའས་ཀྱྀས། །མཆྀད་བླངས་པ། །གཟུས་ནྀ་ལྷ་བོན་ཏོ། སློན་མཚན་སློན་ཀོལ། གཟུས་ནྀ་ལྷ་བོན་ཏོ། །སྲིན་བྱ་རྒོད་ཀྱིས་བཏགསྟེ། །ཚེས་པོང་ནག་སེང་གིས་བཏགས་སོ། རྗེ་བདེན་གྱྀས་ནྀ་བཀོལ་ཏོ། སྒ་བདེན་གྱྀས་ནི་བསྟད་དོ། །མྱྀ་སྨོན་རུམ་དུ་སྤུང་ངོ༌། །མཚེ་གཟུགས་རུམ་དུ་འཁྲུངས་སོ། །དེ་ནས་ཡུལ་ངས་པོ་འི། འབངས། དབའས་དབྱྀ་ཚབ་ལསྩོགས་པས། །བཙན་པོ་འི་མཚན་གསོལ་པ། །ཆབ་སྲིད་གནམ་བས་མཐོ། །དབུ་རྨུག་རི་བས་བརྩན་ཏེ། །གནམ་རྀ་སློན་མཚན་དུ་བཏགསོ། །མྱང་དབའས་མནོན་དང་གསུམ་གྱིས། །ཟིང་པོ་རྗེ་འྀ་སྲིད། བཙན་པོ་སྤུ་རྒྱལ་གྱི་པྱག་དུ་དངར་ཏོ། །དེ་ནས་གནམ་རི་སློན་མཚན་གྱྀས་པྱག་ལྕག་གིས། །དྲས་ཏེ། །མྱང་ཙེང་སྐུ་འྀ་བྱ་དགའར། །མཉན་འཛྀ་ཟུང་གི་མཁར་སྔུར་བ་དང༌། བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལཏོ། ཞེས་སོགས་འབྱུང་བས། གནམ་རི་སྲོང་བཙན་གྱི་སྐབས་འདིར་ཕགྀ་ཡུང་བ་སྣ་མན་ཆད། རྐོང་བྲེ་སྣར་ཡན་ཆད། བཙན་པོ་པྱག་དུ་བོན་ཏོ་ཞེས་གསལ་བ་དེས། གནམ་རི་སྲོང་བཙན་གྱི་སྐབས་སུ་ཀོང་པོ་བོད་འོག་ཏུ་གཞི་ནས་བསྡུས་པ་ལས། དེའི་སྔོན་རོལ་དུ་ཀོང་པོ་བོད་ཁོངས་སུ་མེད་པ་གསལ་པོ་བསྟན་པར་སྣང༌། དེས་ན། གོང་བརྗོད་ད་ལྟའི་ང་ཚོས་བོད་རྒྱལ་ལོ་ཞེས་འབོད་བཞིན་པའི་ལོ་ཚིགས་དེ་དག་ལ་གཉའ་ཁྲིའི་འཁྲུངས་ལོ་ཞེས་ཧ་ཅང་གིས་འཇུག་དཀའ་བ་ཡིན་ནོ།།
གཉིས་པ་རང་ལུགས་ལ། གོང་བརྗོད་ལྟར་གཉའ་ཁྲི་བཙན་པའི་སྐོར་ལོ་ཚིགས་མང་དག་ཅིག་བགྲང་རྒྱུ་མཆིས་མོད། དེ་དག་སོ་སོར་གང་ཞིག་འདོད་པའི་དབང་གིས་རྩི་ནའང༌། ཡོངས་གྲགས་ལ་བོད་རྒྱལ་ལོ་ཞེས་འབོད་ཀྱི་འདུག་ན་གཉའ་ཁྲི་བཙན་པོས་བོད་ཀྱི་རྒྱལ་པོ་ཟིན་པ་ནས་བརྩིས་པར་འདོད་པ་དང༌། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་དབུ་བརྙེས་པའི་དུས་མཚམས་ཀྱི་ལོ་ཚིགས་ཤིག་ཡིན་པ་ལས་གཉའ་ཁྲིའི་འཁྲུངས་ལོ་ཡིན་པར་མི་འདོད་དོ། །ལོ་ཚིགས་དེ་དག་ལས་བོད་རྒྱལ་ལོའི་ལོ་ཚིགས་འཐད་ཤོས་ལ་རྫོགས་ཆེན་རྫ་དཔལ་སྤྲུལ་གྱིས་གཉའ་ཁྲི་ཕྱི་ལོའི་སྔོན་གྱི་ལོ་ ༡༢༧ ལོར་བྱོན་པར་འདོད་པར་བཤད་ཚུལ་འདི་འཚམ་ཤོས་ཀྱིས་རང་ལུགས་སུ་བདམས་ཤིང༌། འདས་ལོ་ ༤༡༧ ལོར་བབ། ༈ ཕྱི་ལོ་ ༡༩༩༢ ལོ་ཙམ་ལ་བོད་གཞུང་ཤེས་རིག་པར་ཁང་ནས་དཔར་དུ་བསྐྲུན་པའི་འཛིན་གྲྭ་དྲུག་པའི་རྒྱལ་རབས་དང་ནང་ཆོས་སློབ་དེབ་ནང་དུ་དཔྱད་བརྗོད་ཅིག་བྲིས་འདུག་པ་དེའི་ནང་ལའང་རྫ་དཔལ་སྤྲུལ་ལྟར་ངོས་འཛིན་བྱས་པར་སྣང་སྟེ། ནྲཡར་འདེད་བྱས་ན་གཉའ་ཁྲི་བཙན་པོ་བྱུང་བའི་ལོ་ཚིགས་ཕྱི་ལོའི་སྔོན་གྱི་ལོ་ ༡༢༧ བར་ནྲཞེས་སོགས་གསལ་འདུག་ལ། བོད་ཕྱི་ནང་གཉིས་དང་མཁན་བླུན་ཕལ་མོ་ཆེའི་བཞེད་ཚུལ་དེ་གཉའ་ཁྲི་བཙན་པོ་བྱོན་ལོ་དཔལ་སྤྲུལ་རིན་པོ་ཆེས་གསུངས་ཚུལ་དེ་ལ་བོད་རྒྱལ་ལོ་ཞེས་རྩི་སྲོལ་མཐུན་ཆེ་སོང༌།
གཉིས་པ། གཉའ་ཁྲི་དང་དུས་མཉམ་དུ་བྱུང་བའི་མི་སྣ་གཞན་བཤད་པ་ལ། གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོ་བྱོན་རིང་ཕྱི་ལོའི་སྔོན་ ༡༤༠ ལོར་རྒྱ་ནག་ཧན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་དྲུག་པ་ཧན་ཨུ་དྷིས་ཀྱིས་སྲིད་དབང་ལོ་ ༥༤ རིང་ཟིན་པའི་སྐབས་དང་འཁེལ་བ་དང༌། རྒྱ་གར་ཆོས་འབྱུང་ལས་བཤད་ཚུལ་ལྟར་བྱས་ན། རྒྱ་གར་ཤར་ཕྱོགས་བམ་གྷ་ལ་ཟེར་བའི་ཕྱོགས་སུ་སངས་རྒྱས་ཆོས་ལུགས་ལ་དད་གུས་དང་བྱས་རྗེས་ཆེ་བའི་རྒྱལ་པོ་སྟེ། ཙནདྲའི་རིགས་ལས་བྱུང་བའི་རྒྱལ་པོ་ཙནདྲའི་མིང་ཅན་བདུན་བྱུང་བ་དེ་དག་གིས་སྲིད་དབང་ཟིན་པའི་སྐབས་དང་འཁེལ་བར་སྣང་ངོ༌། །
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།