ངུ་འབོད།
འདི་སྣང་ཞེན་ཐག་མི་ཆོད་དྲན་རིག་གི་རྒོད་པོ།།
རྣམ་དོག་འཕྲུལ་གྱི་འཁྱེར་བའི་བར་དོ་ཡི་འཕྲེང་དུ།།
མནར་སྨིན་བརྒྱ་ཕྲག་མྱོང་བའི་གཟེར་ཟུག་གི་ངུ་འབོད།།
ཐོས་ལ་སྙིང་རྗེ་སྐྱེ་བའི་སྙིང་སྡུག་གཅིག་བྱུང་ན།།
ཉིན་མཚན་འཕྲེང་བ་བརྒྱུས་པའི་གཟུང་སྔགས་ཀྱི་ནུས་པ།།
ཕྱི་མར་དྲན་གསོ་ཐེབས་པའི་ལག་སྐྱེས་རེ་ཡོད་མེད།།
ལས་འབྲས་དམ་གྱི་བདག་པོའི་ཐིག་ཚད་ལས་བརྒལ་བར།།
སྐྱེ་བོ་སུ་ཡང་དེ་ཡི་ནུས་འཐུ་རང་མེད་དོ།།
འཁོར་བའི་ཞག་ནག་བཙན་པོའི་ལུས་པོ་འདི་བསྡམ་སོང༌།།
ཐར་བའི་ལམ་སྣེ་ཟིན་ལ་རེ་བ་རང་ཆེ་ཡང༌།།
ཚེ་འདིའི་ལས་སྐལ་དམན་པའི་བྱེད་ཐབས་ཀྱི་སྟོང་དེ།།
ད་ནི་མི་འདོད་བཞིན་དུ་གཡང་གཟར་དུ་འགྲོ་དགོས།།
གང་དུ་བཞུགས་པ་སྐྱབས་ཀྱི་དམ་པ་ཡི་བདག་པོ།།
ནུས་མེད་བུ་ལོའི་ཚོགས་ཀྱི་སེམས་ངལ་གྱི་གདུང་བ།།
ཞི་ནས་ཐར་ལམ་སྙེགས་པའི་བྱིན་རླབས་ཤིག་གནང་དེ།།
འཁོར་བའི་བྲན་གཡོག་འདི་ནས་ཐར་ཐབས་ཤིག་མཁྱེན་ནོ།།
༣༡།༡།༠༦