རིགས་གཏེར་དགུན་ཆོས་སྐབས་བརྒྱད་པ་ཚོགས་བཞིན་པ།

འཕགས་ཡུལ་དུ་ཡོད་པའི་དཔལ་ས་སྐྱའི་བཤད་གྲྭ་ཆེ་ཁག་གསུམ་གྱིས་གཙོ་འགན་ཐོག། སྤྱིར་ཚད་མའི་བསྟན་པ་དར་རྒྱས་ཡུན་གནས་དང༌། བྱེ་བྲག་ཏུ་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་གཏེར་གྱི་བཀའ་སྲོལ་མི་ཉམས་རྒྱུན་འཛིན། ལྷག་པར་དུ་ཚད་མ་རིགས་པའི་རྣམ་བཞག་ལ་ཐོས་བརྩོན་དོན་གཉེར་ཅན་རྣམས་བློ་བསྐྱེད་གོང་འཐོར་གཏོང་ཐབས་སུ་དམིགས་ཏེ། སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ཕྱོགས་གཅིག་ཏུ་བསྡེབས་ནས་འཆད་པ་ཚད་མ་རིགས་པའི་གཏེར་གྱི་བཀའ་སྲོལ། མི་ཤེས་སྨག་མུན་འཇོམས་བྱེད་རིགས་པའི་འོད་སྟོང་འཕྲོ་བ་གང་དེར། དཔལ་ས་སྐྱའི་བཤད་གྲྭ་ཁག་གིས་གཙོས་རིས་མེད་ཐོས་བརྩོན་དོན་གཉེར་ཅན་རྣམས་ཀྱིས། བརྒལ་བརྟག་བགྲོ་གླེང་གི་ལམ་ནས་རིགས་པའི་བརྡར་ཤ་གཅོད་པར་བྱེད་པའི་རིགས་གཏེར་དགུན་ཆོས་ཆེན་མོ་དེ་ཉིད་ལོ་ལྟར། དཔལ་ས་སྐྱའི་བཤད་གྲྭ་ཁག་ཏུ་རེས་མོས་ཀྱིས་བསྐོང་འཚོགས་གནང་མུས་ལྟར། འདི་ལོ་ཡང་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་རེས་མོས་འཁེལ་སྟབས། བཅུ་ཕྲག་རིག་པའི་སྲོལ་འབྱེད་ཆོས་རྗེ་འཇམ་དཔའི་དབྱངས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་དུས་ཆེན་ཉིན་དབུ་འཛུགས་ཐོག་ཚོགས་བཞིན་ཡོད་ལ། འདི་ལོའི་དགུན་ཆོས་ཆེན་མོར་ཚོགས་ཞུགས་གནང་མཁན་དཔལ་ས་སྐྱའི་མ་དགོན་བཤད་གྲྭའི་སློབ་གཉེར་བ་དང༌། གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སློབ་གཉེར་བ། དཔལ་རྫོང་སར་བཤད་གྲྭའི་སློབ་གཉེར་བས་གཙོས་རིས་མེད་དོན་གཉེར་ཅན་ཆིག་སྟོང་མ་བརྒལ་ཙམ་ཚོགས་ཞུགས་གནང་འདུག།