གཞིས་ཆགས་སུ་འཕྲུལ་བཟོ་ཡར་རྒྱས་གཏོང་ཕྱོགས་ཀྱི་བགྲོ་གླེང༌།

    བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ལུགས་བསམ་མཉམ་འབྲེལ་ཚོགས་གཙོ་གཅིག་ལྕོག་པདྨ་བདེ་ལེགས་ཀྱིས་གསུང་དོན། ཉེ་ཆར་དམིགས་བསལ་ཚོགས་ཆེན་རྗེས་ལ་ྋསྐྱབས་མགོན་རིན་པོ་ཆེས་ཚོགས་བཅར་བ་ཚང་མར་མཇལ་ཁ་གནང་བའི་སྐབས་ཤེས་ཡོན་གྱི་ཐོག་ལ་འཐུས་ཤོར་ཕྱིན་པ་དང༌། དེ་བཞིན་གཞིས་ཆགས་ཀྱི་ནང་འཕྲུལ་རིགས་ཀྱི་ལས་ཀ་ཁ་ཤས་ཡོད་པ་དེ་ཚོ་འཐུས་ཤོར་ཕྱིན་ཡོད་ཅེས་བཀའ་ནན་མོ་ཞིག་ཕེབས་ཡོད་པས། འདིར་ལུགས་བསམ་མཉམ་འབྲེལ་གྱི་འཕྲུལ་ལས་དེ་གཞིས་ཆགས་ཁག་གི་ནང་ནས་འཕྲུལ་ལས་རྙིང་ཤོས་ལྟ་བུ་རེད། ང་ཚོས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སྒྲུབ་ཐུབ་པ་ག་རེ་འདུག་གོ་བསྡུར་མང་པོ་བྱས་པ་ཡིན། དེ་ལས་དང་པོ་༡༩༦༠ དང་༧༠། ༡༩༨༠ ནང་ཡོད་པའི་ལས་བྱེད་ཟུར་པ་ཚོ་སྐད་བཏང༌། འདས་པའི་གནས་སྟངས་དང་ད་ལྟ། མ་འོངས་པའི་ནང་འཆར་གཞི་དང་ཡར་རྒྱས་གཏོང་རྒྱུ་ག་རེ་འདུག གོ་བསྡུར་རིམ་པ་གཅིག་བྱས། གཉིས་པ། ད་ཡོད་ཀྱི་འཕྲུལ་བཟོ་ཁང་གི་ལས་བྱེད་ཚོ་དང་མཉམ་དུ་གོ་བསྡུར་བྱས་ནས་ཡར་རྒྱས་གཏོང་རྒྱུ་ག་རེ་འདུག་བལྟས་པ་རེད། ད་དུང་བསྐྱར་དུ་མེ་སོར་དང་བྷེང་ལོར་ནང་རྒྱ་གར་འཛིན་སྐྱོང་གི་ཐོག་ལ་མཁས་པ་དང་འཕྲུལ་རིགས་ཀྱི་ཐོག་ལ་མཁས་པ་ཁག་གཅིག་གཉིས་ཤིག་གདན་འདྲེན་ཞུས་ནས་ང་ཚོས་གོ་བསྡུར་བྱེད་རྒྱུའི་འཆར་གཞི་ཞིག་ཀྱང་ཡོད། ཡིན་ཡང་འཕྲུལ་བཟོ་ཁང་དེ་ལ་མཐུན་རྐྱེན་གསར་པ་ཞིག་བཟོས་ནས་ཡར་རྒྱས་ཆེན་པོ་ཞིག་གཏོང་རྒྱུ་ལ་ཤེས་ཚད་དང་ཉམས་མྱོང༌། ནུས་པའི་ཐོག་ནས་འདང་བ་ཞིག་ད་ལྟའི་ཆ་ལ་དཀའ་ལས་ཁག་པོ་རེད་དྲན་བསྡད་ཡོད། ད་ལྟ་ཡོད་བསྡད་པའི་འདྲུད་འཁོར་ྤཔྱཎཏྲྤྣཔྱ དང་དེ་འདྲའི་འཁོར་ལོ་བཞི་ཅན་དང་གཉིས་ཅན་དེ་འདྲ་བཟོ་བཅོས་རྒྱག་རྒྱུའི་རིགས་ལྟ་བུར་ག་ལ་གང་འཚམས་ཤིག་འགྲོ་བསྡད་ཡོད་པ་རེད། དེ་ཡར་རྒྱས་གཏོང་བར་ང་རང་ཚོ་བོད་པ་གཅིག་པུ་ཙམ་མིན་པར་ྋསྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་བཞིན་རྒྱ་གར་ཡུལ་མིའི་འཕྲུལ་རིགས་ཀྱི་དཀའ་ངལ་ལ་ཡང་ང་ཚོས་ལས་ཀ་བྱེད་ཐུབ་པ་ཞིག་རེད་བསམ་གྱི་ཡོད། ཡིན་ནའང་ལས་བྱེད་ཚང་མ་ལོ་ཆེན་པོ་ཆགས་ནས་རྒན་ཡོལ་ལ་ཕྱིན་ཚར་དུས། གསར་དུ་གཞོན་སྐྱེས་འཕྲུལ་ལས་ཀྱི་ཐོག་ལ་དོ་སྣང་བྱས་ནས་འཛུལ་མཁན་ཧ་ཅང་ཉུང་ཉུང་དང་དཀའ་ལས་ཁག་པོ་ཆགས་ཀྱི་འདུག་ཅེས་དང༌། འཕྲུལ་ལས་ཀྱི་ཐོག་ལ་སློབ་སྦྱོང་མཁས་པ་ཡོད་པའི་རྒྱ་གར་ལས་བྱེད་གླས་ན་མཐུན་རྐྱེན་དང་ཕོགས་ཐོབ་སོགས་ཀྱི་གནས་སྟངས་ལ་དཔག་པའི་ཡག་པོ་སྤྲོ་ཐུབ་པའི་ནུས་པ་ཞིག་དགོས་ཀྱི་འདུག དེ་འདྲ་ཡོང་བ་ལ་ས་གནས་ཀྱི་ཕར་འགྲོ་སོང་དང་ཚུར་ཡོང་སྒོ་གཉིས་ཀྱི་ཐོག་ནས་ལམ་སང་བཟོ་གྲྭ་རང་མགོ་ཐོན་པ་དེ་དཀའ་ལས་ཁག་པོ་རེད་དྲན་གྱི་འདུག ཡིན་ཡང་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་རེད། བོད་སྤྱི་པའི་སྒྲིགས་འཛུགས་ཤིག་གི་ཐོག་ལ་འདི་དགོས་པ་ཡིན་དུས་བོད་གཞུང་གི་ནང་སྲིད་ལས་ཁུངས་དང༌། བཀའ་ཤག་གི་ངོས་ནས་གོ་རྟོགས་དང་མཐུན་རྐྱེན་གྱི་ཐོག་ལ་དམིགས་བསལ་ས་གནས་ལ་དགོངས་པ་ཞིག་བཞེས་ནས་ལས་གཞི་བསྐྲུན་པ་ཡིན་ན། མ་འོངས་པར་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་རེ་བཞིན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།
    གང་ལྟར་ད་ལྟའི་དཀའ་ངལ་ཆེ་ཤོས་ནི་འཛུགས་སྐྲུན་མང་པོ་ཞིག་ལ་ཤེས་ཚད་དང་ཉམས་མྱོང་ཞན་པའི་དཀའ་ངལ་དང༌། ལྷག་པར་སྔར་གྱི་རྒན་པ་ཚོའི་རྗེས་སྐྱོང་བ་གཞོན་སྐྱེས་ཡོང་ཐུབ་ཀྱི་མེད་པ་དེ་རེད། དཀའ་ངལ་དེ་ནི་ཆུང་ཆུང་ཞིག་གཏན་ནས་མིན་པ་རེད། ས་ཞིང་བེད་མེད་དང་རྒྱ་གར་ལ་ཤོར་བ། བཟོ་གྲྭ་ཉམས་རྒུད་དུ་ཕྱིན་པ། ལས་འགུལ་ནུས་མེད་དུ་གྱུར་པ་སོགས་ཕྱོགས་ཐམས་ཅད་ནས་གཞོན་སྐྱེས་ཚོས་འགན་ལེན་བྱེད་ཀྱི་མེད་པའི་དཀའ་ངལ་ཞིག་ཡོད་པ་རེད། འོན་ཀྱང་གཞོན་སྐྱེས་ནང་ཤེས་ཡོན་དང་འཇོན་ཐང་ཡོད་པ་ཚོར་དེ་མཚུངས་ཀྱི་གླ་ཕོགས་མེད་པ་དང་སྤྱི་ཚོགས་ཀྱི་ཆེ་མཐོང་དང་ཡིད་ཆེས་མི་བྱེད་པ་བཅས་ནས་ད་ལྟའི་ལས་ཀ་མང་པོ་ཞིག་འཐུས་ཤོར་དུ་འགྲོ་བའི་རྒྱུ་རྐྱེན་དུ་གླེང་ཆོག་པར་གྱུར་ཡོད་པ་རེད།།  མེ་སོར་གསར་འགོད་པས།