བོད་མིར་བཙོན་འཇུག་ཁྲིམས་ཆད།
ཡང་ཕྱི་ལོ་༢༠༠༨ ཟླ་༥ ཚེས་༣༡ ཉིན་དཀར་མཛེས་རྫོང་ཐོག་ཏུ་ངོ་རྒོལ་བྱེད་མཁན་དཀར་མཛེས་མཐིང་ཁ་ཤང་ཇོ་ཁང་ནང་གྲོང་ནས་ཡིན་པ་རང་ལོ་༢༠ ཅན་བུ་མོ་བྱམས་པ་བདེ་སྐྱིད་ལ་བཙོན་འཇུག་ཁྲིམས་ཐག་ལོ་༢ བཅད་ཡོད་འདུག ཁོང་གི་ཕ་ཡི་མིང་དངོས་དགའ་ཡིན། གོང་གསལ་ཁྲིམས་ཐག་བཅད་ཟིན་པ་རྣམས་ཁྲིན་ཏུའུ་ཕྱོགས་སུ་བཙོན་འཇུག་བྱེད་བཞིན་པ་ཡིན་འདུག ༢༠༠༨ ཟླ་༦ ཚེས་༡༢ ཉིན་དཀར་མཛེས་རྫོང་དུ་ངོ་རྒོལ་སྐད་འབོད་དང་ཡིག་ཆ་འགྲེམས་བཀྲམ་བྱེད་མཁན་དཀར་མཛེས་མཁར་ནང་དགོན་གྱི་གྲྭ་རང་ལོ་༣༢ སོན་པ་ཡེ་ཤེས་རྡོ་རྗེ་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་༢༠༠༨ ཟླ་༡༡ ཚེས་༡༧ ཉིན་དུས་བཀག་བཙོན་འཇུག་ལོ་༤ དང་ཆབ་སྲིད་ཀྱི་ཁེ་དབང་ལོ་༢ འཕྲོག་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག
ཡང་ཕ་ཡུལ་དཀར་མཛེས་རོང་ཚ་ནས་ཡིན་ཞིང་ལྷ་ས་ཀརྨ་ཀུན་བཟང་དུ་གནས་སྡོད་བྱེད་མཁན་རང་ལོ་༢༧ ཅན་ཡེ་དགའ་༢༠༠༨ ཟླ་༣ ཚེས་༡༤ ནས་བཟུང་ད་བར་ཤི་གསོན་ཇི་ཡིན་ནང་མི་གཉེན་འབྲེལ་སོགས་ཀྱིས་རྩད་གཅོད་མ་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ཅིང་ཁོང་གི་ཨ་མའི་མིང་ལ་ཚེ་རིང་མཁའ་འགྲོ་ཟེར། གཞན་ཡང་ཉེ་ཆར་རྒྱ་གཞུང་གིས་དཀར་མཛེས་ཕྱོགས་སུ་ལོ་གསར་གཏོང་བྱེད་ཡིན་སྐད་ཀྱིས་མི་རེར་རྒྱ་སྒོར་༥༠༠། རེ་སྤྲོད་ཀྱི་ཡོད་འདུག་ཀྱང༌། ཞི་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་ཡོད་པའི་ནང་མི་སུ་ལའང་དངུལ་དེ་དག་སྤྲོད་ཀྱི་མེད་པ་རེད། ལོ་ཤས་སྔོན་ནས་བཟུང་ཞིང་ཁ་ནང་ཚེར་མ་བཏབ་པའི་གུན་གསབ་ལོ་རེ་བཞིན་སྤྲོད་སྲོལ་ཡོད་པ་དེ་བཞིན་ནང་མི་དེ་དག་ལ་སྤྲོད་རྒྱུ་མིན་སྐོར་བཤད་ཡོད་འདུག །
