དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།
གསུམ། གཉའ་ཁྲི་བཙན་པོའི་སྐབས་ཙམ་ནས་ཤེས་རིག་དང་ཆབ་སྲིད་སོགས་ཀྱི་སྐོར་ཧྲོབ་བཤད་བྱས་ན། ལོ་རྒྱུས་རྙིང་མ་རྣམས་སུ་བོད་ཀྱི་རྒྱལ་རབས་མང་པོའི་རིང་ལ་རྒྱལ་སྲིད་ནི་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་འཁོད་པ་དཔེར་ན། རྒྱལ་རབས་གསལ་མེའི་ནང༌། ཆབ་སྲིད་ནི་སྒྲུང་སྟེ་ལྡེའུས་བསྒྱུར་རོ་ཞེས་དང༌། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། བྱ་ཁྲིའི་མཚན་ལ་སྤུ་དེ་གུང་རྒྱལ་ཟེར། ཡབ་ཀྱི་རིང་ལ་ཞང་ཞུང་དང༌། གྲུ་ཤའི་གཤེན་གྱི་དུར་བོན་བྱུང་ཞིང༌། སྲས་ཀྱི་རིང་ལ་སྐུ་མཁར་ཕྱིང་བ་སྟག་རྩེ་བརྩིགས། སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང་ཞེས་དང༌། ཡང༌། དེ་དང་སྨན་བཟའ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་ཐོག་བཙན་ཏེ། གདུང་རབས་ཉེར་བདུན་གྱི་རིང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་དང༌། དེབ་དམར་ལས། རུ་ལས་སྐྱེས་ཞེས་པས་སྲས་ཉ་ཁྲི་རྒྱལ་སར་བཅུག་སྟེ་སྤུ་ལྡེ་གུང་རྒྱལ་དུ་བཏགས། ལོ་ངམ་བཏུལ། དེའི་རིང་ལ་སྒྲུང་དང་ལྡེའུ་བྱུང་ཞེས་སོགས་གསལ་ཡོད་སྟབས། གཉའ་ཁྲིའི་ཡས་མས་ནས་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་སྐྱོང་གི་ཡོད་པའི་ངོས་འཛིན་བྱས་འདུག དེས་ན། གཤམ་དུ་གསལ་བའི་སྒྲུང་ལྡེའུ་བོན་གསུམ་གྱི་སྐོར་དེ་དག་ཚང་མ་གཉའ་ཁྲི་བཙན་པོའི་སྐབས་ནས་བྱུང་ཞེས་བརྗོད་དཀའ་ནའང༌། སྒྲུང་ལྡེའུ་བོན་གསུམ་གྱི་རྨང་གཞི་མང་པོ་ཞིག་སྐབས་དེ་ནས་རྒྱུད་རིམ་ཡོད་ངེས་རེད་སྙམ། ༡སྒྲུང་གི་སྐོར་ལ། མ་སང་གི་སྒྲུང་དང༌། མཆིལ་པའི་སྒྲུང༌། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང༌། གནའ་སྒྲུང༌། གླིང་གེ་སར་གྱི་སྒྲུང་སོགས་ཡོད་ཅིང༌། དང་པོ། མ་སང་གི་སྒྲུང༌། བོད་ཀྱི་ཡུལ་འདིར་སྔོན་རོལ་མ་སང་གིས་དབང་དུ་བྱས་ཚུལ་གྱི་སྒྲུང་སྣ་མང་བར་བཤད། གཉིས་པ། མཆིལ་པའི་སྒྲུང༌། ནམ་རྒྱུན་བྱ་དཔེ་བྱེའུ་སྒྲུང་གཙོ་བོར་བཤད་པ་ལྟ་བུ་ཡོད་ནའང༌། དེའི་ནང་དུ་སྤྲེའུ་དང༌། རི་བོང་སོགས་རི་དྭགས་ཀྱི་སྒྲུང་དང༌། སེང་གེ་དང་ཝ་མོ་སོགས་གཅན་གཟན་རིགས་ཀྱི་སྒྲུང༌། བུང་བ་དང་ཕྱེ་ལེབ་སོགས་འབུ་སྲིན་རིགས་ཀྱི་སྒྲུང་སོགས་སྒྲུང་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་བསྡུས་པར་གསལ་འདུག་པས་དཔེར་ན། རྨ་བྱ་དྲང་སྲོང་ཁྲ་གསུམ་གྱི་བསྟན་བཅོས་བྱིས་པ་དགའ་བྱེད་ཅེས་བྱ་བ་དང༌། མཆིལ་རྒན་རྒྱ་བོའི་སྒྲུང༌། སྲོག་ཆགས་ཀྱི་བསྟན་བཅོས་སྒྱུ་མའི་རོལ་རྩེད་ཅེས་བྱ་དང༌། བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་མཆིལ་པ་ཁྲི་སྡེའི་སྐྱེས་རབས་ཞེས་བྱ། བྱ་ཀུན་ཏུ་དགའ་བའི་ཟློས་གར། ཁྱིམ་བྱ་རྣམས་ཟློས་རྩ་བྱུང་བར་ཞིབ་བཅད་ཁྲ་ཐུང་ཞེས་བྱ་བ། མ་རྒྱ་གྲུབ་དང༌། བུ་སྤེན་སྐྱེས་གཉིས་ཕྲུག་ཐབས་ཞེས་བྱ་བ། དོམ་བྱང་ཆུབ་སེམས་དཔའ་བཀྲི་ཤིའི་རྟོགས་བརྗོད་ཅེས་བྱ་བ། རྐང་དྲུག་གི་བསྟན་བཅོས་ཉམས་དགའི་ཕྲེང་བ་ཞེས་བྱ་བ། སྤྲེའུའི་བསྟན་བཅོས་ཞེས་བྱ་བ། བྱ་སྤྲེལ་གྱི་གཏམ་རྒྱུད་ཅེས་བྱ་བ། བྱ་ཆོས་རིན་ཆེན་ཕྲེང་བ། བློན་པོ་ཨུག་ཕྲད་ཅེས་པའི་བསྟན་བཅོས། བྱ་བརྒྱའི་བསྟན་བཅོས་བྱིས་པ་དགའ་བྱེད། ཕོ་རོག་གི་བསྟན་བཅོས། སྐྱ་ཀའི་མདོ་སྒྲུང༌། དང་པོ་དང་གཉིས་པ། ཕུག་རོན་སྒོམ་ཆེན་གྱི་བསྟན་བཅོས། སྒོམ་ཆེན་ཕྱི་བའི་བསྟན་བཅོས། རི་བོང་བདེ་བཟང་དང༌། ཨ་བྲ་སྐྱའུ་གཉིས་གྲོགས་བྱས་པའི་རབས་སྡེ། སྤྲེའུ་ལེགས་པའི་བློ་གྲོས་ཀྱིས་གཅན་གཟན་རྣམས་ཆོས་ལ་བསྡུས་པ་ཞེས་བྱ་བ། བྱ་རིགས་སུམ་བརྒྱ་དྲུག་ཅུས་སྔོན་གྱི་གཏམ་རྒྱུད་མཛད་སྲོལ། དམར་ཆུང་རྫུ་བའི་བསྟན་བཅོས། དམར་ཆུང་ལྕོག་མགོའི་བསྟན་བཅོས་སོགས་ཡོད་པར་སྣང༌། གསུམ་པ། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་ནི་ཡོངས་སུ་གྲགས་ཆེ་བ་ཞིག་ཡིན་པ་དང༌། དེའི་སྐོར་ཡིག་ཆ་མི་འདྲ་བ་མང་བ་སྟེ། དཔེར་ན། དངོས་གྲུབ་ཅན་གྱི་སྒྲུང་དགོས་འདོད་ཆར་འབེབས་ཞེས་བྱ་བ་དང༌། སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་བུ་བདེ་སྤྱོད་བཟང་པོས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་དུ་བ་ཞེས་བྱ་བ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ་རོ་དངོས་གྲུབ་ཅན་གྱི་སྒྲུང༌། མི་རོ་རྩེ་སྒྲུང་ཞེས་སོགས་ཡོད་པར་བཤད། བཞི་པ། གནའ་སྒྲུང་ནི་མཆིལ་པའི་སྒྲུང་སོགས་ཡིན་པར་སྙམ། ལྔ་པ། གླིང་གེ་སར་གྱི་སྒྲུང༌། སྒྲུང་འདི་ནི་འཛམ་གླིང་ནང་མི་སྣ་གཅིག་གི་སྟེང་དུ་སྙན་རྩོམ་གྱི་སྒྲུང་སྣ་རིང་ཤོས་ཤིག་ཡིན། དེ་ལ་རིགས་མི་འདྲ་བ་ལ་འབབ་སྒྲུང༌། བྲིས་སྒྲུང༌། གཏེར་སྒྲུང༌། བསླབ་སྒྲུང་སོགས་མང་དུ་ཡོད་པར་མངོན་ནོ། ། ༢ལྡེའུའི་སྐོར། ལྡེའུ་ཞེས་པའི་ཐ་སྙད་ལ་མཁས་དབང་ནམ་མཁའི་ནོར་བུས། དེང་དུས་ཡོངས་གྲགས་བོད་སྐད་ཀྱི་དབང་དུ་བྱས་ན། ལྡེ་དང་ལྡེའུ་ཞེས་བྱ་བ་དེ་དག་གི་གོ་དོན་དམིགས་སུ་བཀར་ཏེ་ངོས་འཛིན་ཐུབ་པ་དཀའ་ཞིང༌། ཚིག་དེ་བེད་སྤྱོད་ཡོད་པ་ནི། ལྡེའུ་མིག་ཅེས་པ་སྒོ་ལྕགས་འབྱེད་བྱེད་དེའམ། རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ཚན་སྣྲོན་ཞེས་བྱ་བ་དེའི་མིང་གི་བྱེ་བྲག་ཅིག་ལ་འཇུག་པ་ཡིན། སྤྱིར་བཏང་ལྡེའུ་མིག་ནི་སྒོ་འབྱེད་བྱེད་ཡིན་པ་དང༌། སྒོ་ནི་ཁང་པའི་སྒོ་ཙམ་དུ་མ་ཟད་ནམ་རྒྱུན་དུ་ཡོངས་སུ་གྲགས་པའི་སྒོ་གསུམ་སྟེ། ལུས་ཀྱི་སྒོ་དང༌། ངག་གི་སྒོ་དང༌། ཡིད་ཀྱི་སྒོ་རྣམས་ལའང་འཇུག་པ་ཡིན། སྒོ་དེ་གསུམ་དང་མ་འབྲེལ་བ་ནི་ཅི་ཞིག་ཀྱང་མེད་ལ། སྒོ་དེ་གསུམ་འབྱེད་བྱེད་ཡང་དག་པ་ནི་ཤེས་རབ་དམ་པ་དེ་ཙམ་དུ་ངེས་ཤིང༌། ཤེས་རབ་དམ་པ་དེ་ནི་ལྡེའུ་མིག་དང་ཆ་འདྲ་བས་དེའི་དོན་ལ་འཇུག་པའི་དབང་དུ་བྱས་ན་མ་འགྲིག་པ་ཅི་ཞིག་ཡོད། ཅེས་གསུངས།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།