གསལ་བསྒྲགས།

འདུས་མང་ཡོངས་ཀྱི་སྐུ་ཚབ་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ཡིག་ངག་གཉིས་ཐོག་ནས་ ༢༠༠༩ ལོར་གྲྭ་ཚང་དུ་བདག་སོགས་གུས་འབངས་རྣམས་ཀྱི་བགོ་སྐལ་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་གནང་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན། ད་ལམ་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༡༨ ནས་ཟླ་བ་༣ ཚེས་༣ བར་འདི་ག་ཆོས་རྒྱུད་དགོན་ཁག་རིས་མེད་ནས་བསྙེན་རྫོགས་སྒྲུབ་འདུན་ཅན་སློབ་གཉེར་བ་སྟོང་ཕྲག་ཡས་མས་ལ་སྐུ་ངལ་འགྲོ་གྲོན་གྱིས་རྡ་སར་སྐུ་བཅར་མི་དགོས་པར། སེ་ར་ཆོས་སྒར་དུ་བསྙེན་རྫོགས་ཀྱི་བསླབ་སྡོམ་བསྩལ་རྒྱུའི་དགོངས་བཞེས་ཟབ་མོའི་བཀའ་དྲིན་ཞལ་བཞེས་བཀའ་བཟང་སྤྱི་ཕེབས་བྱུང་བ་དེ་ལྟར་ཡང༌། དོལ་རྒྱལ་རྗེས་འཇུག་པ་རེ་ཟུང་ནས་སྤྱི་ཚོགས་ནང་སྔར་བཞིན་ཕུ་དཀྲུགས་མདའ་དཀྲུགས་ཀྱིས་བྱ་ངན་སྣ་ཚོགས་སྤེལ་མུས་ལྟར། ཉེ་ལམ་ཡང་གནས་འཕྲིན་དྲ་རྒྱ་བརྒྱུད་གངས་ལྗོངས་ལྷ་མིའི་མགོན་སྐྱབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འདི་གར་ཆིབས་བསྒྱུར་བཀའ་དྲིན་ཆེ་རྒྱུར་སྤྱི་ཚོགས་ནང་གཞི་མེད་གཏམ་འཆལ་བྱུང་རྒྱལ་གྱི་སྨྲེ་ངག་བཀྲམ་དང་འགྲེམས་བཞིན་པར་རང་ཅག་སྐལ་ལྡན་གངས་ཅན་པའི་ཕྱི་ནང་སྐྱ་སེར་ཡོངས་དང་འབྲེལ་ཡོད་དད་དམ་འགྱུར་མེད་ཀྱི་ཆོས་གྲོགས་རྣམ་པས་བསྟན་སྲིད་སྤྱི་སྨན་ལ་དགོངས་བཞེས་དགོས་པ་ལས། འཆལ་གཏམ་དག་ལ་མགོ་བོ་མི་རྨོངས་པ་ཞུ་རྒྱུའི་གསལ་བསྒྲགས་སུ།                                      སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཕྱི་ལོ་༢༠༠༩ ཟླ་བ་༡ ཚེས་༡༤ ལ་ཕུལ།