སྙན་ཚིག་ངང་མོའི་འགྱུར་ཁུག་ཀུན་བཟང་ཞིང་གི་མཆོད་སྤྲིན།
སྟོང་གསལ་བདེ་ཆེན་དག་པའི་ཞིང་ནས་བརྩེ་ཆེན་སྤྱན་ཞགས་འཇའ་རིས་སྣེ།།
མ་དག་སྲིད་གསུམ་འཁོར་བའི་གྲོང་འདིར་ཁད་ཀྱིས་འཕངས་པའི་སྐྱེས་ཆེན་ཕྲེང༌།།
བྱེ་བ་ཕྲག་བརྒྱའི་གྲངས་ཀྱི་ཕྲེང་བ་སུ་དང་གང་གིས་བགྲངས་བཀའ་མོད།།
སྙིགས་ལྔའི་རྒུད་པའི་མེ་རླབས་ཁྲོད་དུ་ཐུགས་བསྐྱེད་མྱུ་གུ་འབུས་པ་དཀོན།།
ཉི་ཤུ་རྩ་དགུའི་མཚན་ལྗོངས་ལས་གནག་བྱང་རྒྱུད་མུན་པའི་སྨག་རུམ་ན།།
ཉི་ཟླ་སྐར་གསུམ་མཉམ་དུ་འཆར་འདྲའི་མཁན་སློབ་ཆོས་གསུམ་བྱོན་པ་ནས།།
རྨད་བྱུང་རྒྱལ་བསྟན་སྲོག་གི་རྩ་ལག་དཔག་བསམ་ལྗོན་པའི་ལོ་འདབ་གྲོལ།།
ཕན་བདེའི་གྲིབ་གསིལ་སྣུམ་པོའི་འབྲས་བཟང་ཕྱོགས་མེད་འགྲོ་བའི་གསོས་སུ་སྨིན།།
རྗེ་འབངས་ཉེར་ལྔའི་གྲུབ་པའི་རྗེས་ཤུལ་མུ་མེད་གནམ་གྱི་མཐའ་དང་འགྲོགས།།
ཌཱ་ཀི་ཉེར་ལྔའི་ཉམས་དང་རྟོགས་པས་འཆིམས་ཕུའི་ས་ཁྱོན་དོག་པོར་བྱས།།
རིང་རྒྱུད་བཀའ་དང་ཉེ་རྒྱུད་གཏེར་མས་སྐོར་གསུམ་སྒང་དྲུང་རུ་བཞིའི་ཁམས།།
ཤིས་པར་སྒྲུབ་པའི་ལྷ་ཡི་རྔ་ཆེན་རྣམ་པར་རྒྱལ་བའི་དབྱིངས་ནས་ལྡིར།།
ཉི་ཟླ་ཞག་གི་གོམ་འགྲོས་འཁྱོག་པོས་ཉིན་དང་མཚན་མོའི་ས་ཚུགས་བརྒལ།།
རྒྱལ་ཕམ་རེས་འཇོག་བསྣོལ་མ་འཐབ་པས་འཕེལ་འགྲིབ་སྟོན་གྱི་རླུང་འཚུབ་ལྡང༌།།
སྤྲིན་དང་ན་བུན་འཐིབས་པའི་གསེབ་ནས་དཔའ་བོའི་ཚེ་སྲོག་མཁའ་ལ་ཡལ།།
གཡོ་དང་སྒྱུ་ཡི་གཉའ་ཤིང་འོག་ནས་མེས་པོའི་བང་སོ་ས་འོག་ཐིམ།།
བྱང་ཕྱོགས་ཧོར་གྱི་དམག་ཆེན་བཏེགས་པས་བཙན་པོའི་རྒྱལ་མཁར་རྨང་ནས་བཤིགས།།
ནག་པོ་རྒྱ་ཡིས་ཡིག་ཆ་ནག་པོས་ས་ཡ་དྲུག་གི་ས་ཁྱེར་འཕྲོག།
ནུབ་ཕྱོགས་དག་པའི་ཞིང་གི་དམུ་ཐག་ཆགས་སྡང་རྨོངས་པས་བཙད་ནས་བཅད།།
ལྷོ་ཕྱོགས་ཨ་མྲའི་ནགས་ཀླུང་ཁྲོད་དུ་ལས་རླུང་འཚུབ་མོའི་འགྲོས་ཀྱིས་དོད།།
ཐུགས་བསྐྱེད་ཟླ་བའི་འོད་སྣང་གཅིག་གིས་ཐུན་གསུམ་མཚན་མོའི་མུན་པ་གཏོར།།
བླ་མེད་ལུང་གི་སྐྱ་རེངས་གསར་པོས་མཚར་དཔེའི་འོད་སྣང་ཤར་ནས་བསུས།།
དགེ་བཅུའི་གཡང་འཁྱིལ་སྤོ་བོ་སྒང་གི་འབྱོར་ལྡན་ཕྱུག་པོའི་ཕ་མཁར་ན།།
གསེར་ནག་ཕ་བང་སྒོ་སྒྲིལ་བརྒྱབ་པའི་ངོ་མཚར་གསར་པའི་དབུ་ཁྱུད་བྲིས།།
ལང་ཚོའི་འཕེལ་ཁ་མ་དར་གོང་ནས་ཞིམ་བསིལ་དྲི་བསུང་ཕྱོགས་བརྒྱར་འཐིལ།།
དམ་པའི་རང་རྟགས་འབུར་དུ་ཐོན་པས་སྐྱེ་རྒུའི་དད་པའི་ཡིད་དབང་འགུག།
མཁན་ཆེན་དམ་པས་འཁྲུལ་མེད་སྤྱན་ཞགས་ཀུན་གྱི་དབུས་ནས་ཁྱེད་ལ་འཕངས།།
དཔལ་གྱིས་མངོན་འཕགས་དཔལ་ཡུལ་ཆོས་སྡེར་ཞབས་ཟུང་པད་མའི་འདབ་སྟོང་གྲོལ།།
རྣམ་གསུམ་དཔལ་གྱི་བླ་གོས་གསར་པས་ཐུན་མཚན་སྤྲིན་གྱི་དྲ་བ་རྒོད།།
གཞུང་ལུགས་རྒྱ་མཚོའི་གཏིང་མཐའ་ཉུལ་བའི་མཁྱེན་དཔྱོད་རྐྱལ་གྱི་འཁྱུག་འགྲོའི་མྱུར།།
སེམས་ཀློང་མན་ངག་རྒྱུད་པ་མངར་མོས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས།།
སྒང་དྲུག་རི་བོའི་ཁམས་ཀྱི་སུལ་ན་དམ་ཆོས་བདུད་རྩིའི་གྲུ་ཆར་ཉིལ།།
ཁྱུང་ཆེན་གཤོག་པའི་བཙལ་གྱིས་བསྙེགས་མིན་ཐོས་པ་རྒྱ་མཚོའི་མཁའ་མཐའ་ཉུལ།།
རྒྱ་མཚོ་འཁྲུག་པའི་རྔམ་གྱིས་མི་མཚོན་བསམ་པའི་རླབས་ཀྱི་བང་རིམ་བརྩེགས།།
རི་རྒྱལ་ལྷུན་པོའི་འགྱིངས་ལས་བརླིང་པ་མཉམ་འཇོག་སྒོམ་པའི་གཡོ་བ་བྲལ།།
བྱེ་བ་ཕྲག་བརྒྱའི་མཁས་དང་གྲུབ་པས་ཁྱོད་ལ་འགྲན་པ་སུ་ཡིས་ནུས།།
བརྩེ་ཆེན་སྤྱན་གྱི་དོན་ཡོད་ཞགས་པས་རྒྱུད་ལྔའི་འགྲོ་བ་གཅིག་ཏུ་འཆིངས།།
མཁྱེན་རབ་མཚོན་གྱི་རྔོ་ཁ་འབར་བས་རྨོངས་པའི་དྲ་བ་དབྱིངས་ནས་བཅད།།
ནུས་པའི་འཕྲིན་ལས་རླབས་ཕྲེང་གཡོ་བས་ཕན་བདེའི་ཟེགས་མ་ཕྱོགས་ཀུན་བརྡལ།།
བླ་ན་མེད་པའི་མཛད་པ་རྒྱ་མཚོ་གཡོལ་མེད་དུས་ཀྱི་རླབས་དང་འགྲོགས།།
སྟོང་ཆེན་སེམས་ཀྱི་ངོ་བོ་འཛིན་མེད་ཆོས་ཉིད་གཉུགས་མའི་འོད་སྣང་གསལ།།
སྤྲོས་བྲལ་ཨེ་ཝཾ་ལྷན་སྐྱེས་དགའ་སྟོན་ཟུང་འཇུག་དགའ་བཞིའི་དབྱིངས་ན་རྩེན།།
འཕོ་མེད་བརྩེ་ཆེན་ཀུན་རྫོབ་འཇའ་རིས་སྣ་ལྔའི་རི་མོ་འཁྲིགས་པ་ཡིས།།
ལུས་ཅན་རྒྱ་མཚོའི་ཁམས་དང་མོས་པར་དགོས་འདོད་ཀུན་འབྱུང་ནོར་བུ་བཞིན།།
དཀྱིལ་འཁོར་རྒྱ་མཚོའི་ལྷ་དང་བླ་མ་གཙུག་གི་ནོར་བུའི་རྒྱན་དུ་བཀུར།།
ཟབ་གསང་མན་ངག་བདུད་རྩིའི་ཕབ་རྒྱུན་མི་ཕྱེད་ཐུགས་ཀྱི་ཀློང་ན་སིམ།།
མཁའ་འགྲོ་ཆོས་སྐྱོང་དྲེགས་པའི་ལྷ་ཚོགས་བྲན་དང་ཡང་བྲན་ཇི་བཞིན་འདུས།།
སྐར་ཚོགས་ཁྲོད་ན་ཉ་རྒྱ་ཟླ་བཞིན་མཁས་གྲུབ་བྱེ་བའི་གཙུག་ན་འཛེགས།།
བསྟོད་དང་སྨོད་པའི་གནས་ལ་མི་གཅེས་བཀའ་གདམས་གོང་མའི་རིང་ལུགས་འཆང༌།།
མཆོག་དང་དམན་པའི་ངོ་སོ་མི་འབྱེད་ཆོས་བརྒྱད་སྲིན་མོའི་འཛུམ་འབག་དབྲལ།།
བདེན་དང་རྫུན་པའི་རྣམ་པར་མི་རྟོག་འཁོར་འདས་སྟོང་པའི་རང་མདངས་འཇལ།།
རང་དང་གཞན་གྱི་དོན་གཉིས་མཐའ་སོན་མཁས་གྲུབ་གོང་མའི་རྣམ་ཐར་སྐྱོང༌།།
ས་ཕག་དུས་ཀྱི་ས་གཡོ་བྱུང་རྗེས་ས་གནས་སེམས་པའི་རྣམ་ཐར་འཆང༌།།
རྒྱ་བལ་འབྲུག་གི་སྐལ་ལྡན་སློབ་མ་ཁ་འབབ་ཀླུང་བཞིའི་བྱེ་མ་ལ།།
སྔོན་འགྲོའི་རྩ་རླུང་ཀ་དག་ཁྲེགས་ཆོད་ལྷུན་གྲུབ་ཐོད་རྒལ་ཟབ་ཆོས་ཀྱི།།
སྨིན་དང་གྲོལ་བའི་གདམས་ངག་གཅེས་ནོར་ལག་པའི་འཐིལ་གྱི་རྫས་བཞིན་གནང༌།།
མཚོ་བཞི་གླིང་ལྔ་འཛམ་གླིང་ཟླུམ་པོའི་ཤར་ནུབ་རྒྱལ་ཁམས་དུ་མའི་ནང༌།།
ཞབས་ཟུང་རྩིབས་སྟོང་གསེར་གྱི་འཁོར་ལོའི་བཀྲ་ཤིས་དཔལ་གྱི་རེ་ཁ་བཀོད།།
གནམ་ཆོས་བཀའ་གཏེར་དུས་ཀྱི་འཁོར་ལོ་རྙིང་ཐིག་རྩ་པོད་ཡ་བཞི་སོགས།།
ཟབ་རྒྱས་ཆོས་ཚུལ་དྲི་བསུང་མངར་མོ་ལུས་ཅན་ཡོངས་ཀྱི་གསོས་སུ་བསྟར།།
ཤར་ཕྱོགས་དཔལ་ཡུལ་ཆོས་ཀྱི་སྡེ་སོགས་རེས་མེད་དགོན་སྡེ་བརྒྱ་ཕྲག་ཏུ།།
ངུར་སྨྲིག་རྒྱལ་མཚན་སྒྲེངས་པའི་རིགས་གྲོལ་ཁྲི་ཕྲག་ཉེ་བའི་འདུས་སྡེ་སྤེལ།།
བསྡུ་བཞིའི་དཔལ་གྱི་འཕྲིན་ལས་ཡངས་པོས་མདོ་ཁམས་སྒང་དྲུག་འུབས་ཀྱིས་བསྡུས།།
རྨད་བྱུང་མཛད་པའི་ཁོར་ལག་གཅིག་གིས་རྒྱལ་བསྟན་མི་མངོན་དབྱིངས་སུ་བཏེགས།།
བེ་ཏའི་གནས་ཀླུང་འཁྲིགས་པའི་ལྷོ་མཐར་ཀུན་བཟང་ཞིང་གི་ཁང་བཟང་སྐྲུན།།
ཕྱག་ན་པདྨོ་དགྱེས་པའི་ཞལ་ནས་རྣམ་གྲོལ་གླིང་གི་ཆོ་ལོ་སྩལ།།
ལས་འཕྲོ་ཅན་གྱི་སྐལ་ལྡན་གདུལ་བྱ་པདྨའི་མཚོ་ལ་ངང་མོ་བཞིན།།
འདུས་སྡེ་རྒྱ་མཚོའི་འཕེལ་ཁ་དར་བས་བཤད་སྒྲུབ་རླབས་ཀྱི་རྩོད་འཇོ་རྒོད།།
ཐ་སྙད་རིག་པའི་གོ་རྒྱ་ཡངས་པོས་དབྱངས་ཅན་མགྲིན་མཚོར་རོལ་བ་མང༌།།
མཚན་ཉིད་རིག་པའི་སྔོན་འགྲོ་ཟབ་པས་རྒྱུ་ཡི་ཐེག་པའི་རྩ་བ་བརྟན།།
རྒྱུད་སྡེ་རྒྱ་མཚོའི་མན་ངག་བཟང་པོས་བསྐྱེད་དང་རྫོགས་པའི་ཉམས་རྟོགས་མཐོ།།
ཟབ་དང་རྒྱ་ཆེ་གཙུག་ལག་ཕྲེང་བ་བཤད་པའི་བཀའ་སྲཽལ་རྨང་ནས་བསོས།།
ཐོས་པ་བསགས་པས་ཆོས་དྲེགས་མ་སོང་ཐོས་དོན་རྒྱུད་ལ་སྦྱར་བས་བཙུན།།
བཙུན་པའི་ཟོལ་གྱིས་མཁས་པ་མ་སྨད་མཁས་དང་བཙུན་པ་ཟུང་དུ་འབྲེལ།།
བཟང་པོའི་རྣམ་ཐར་འདི་འདྲ་འཆང་བ་ལྔ་བརྒྱའི་དུས་ཀྱི་མཐའ་མ་འདིར།།
ཨུམ་དུ་ཝཱ་རའི་མེ་ཏོག་ཇི་བཞིན་སྲིད་པ་འདི་ན་ཁྱོད་འདྲ་དཀོན།།
སྤྱོད་པ་མ་འཆོལ་སོར་ཐར་སྡོམ་པས་གཞན་ལ་གནོད་པའི་གཞི་ལས་ལྡོག
ལྟ་བ་མ་འཁྲུལ་འཁོར་འདས་བརྟན་གཡོ་གཞི་མེད་རྩ་བྲལ་ངོ་བོར་འཆར།།
སྒོམ་པ་མ་ཉམས་ཞི་ལྷག་སྦྱོར་བས་སྟོང་གསལ་མི་ཕྱེད་ཟུང་དུ་འཇུག
ཐུབ་བསྟན་ཁང་བཟང་མཐོན་པོའི་རྩེ་ན་རླབས་ཆེན་མཛད་པའི་རྒྱལ་མཚན་མཐོ།།
ཡ་ཀི་ཐེག་པའི་ཡང་རྩེར་སོན་པ་ཨ་ཏི་ཡོ་ག་མན་ཆད་ནས།།
མ་ཀི་བརྡ་སྤྲོད་རྐང་ལམ་འགྲིམ་པ་ཐུན་མོང་འཇུག་པའི་ལམ་བུ་བར།།
གུས་སྟོབས་སྦྱོར་བས་འཇུག་པ་མ་ལྷོད་སྤོས་ཀྱི་གླང་པོའི་འགྲོས་དང་བསྟུན།།
བཤད་སྒྲུབ་ལས་གསུམ་འཕྱུག་པ་མེད་པ་ཉི་ཟླ་སྐར་མའི་འཁོར་བསྐྱོད་ཡངས།།
མཚོ་རྒྱལ་བཤད་སྒྲུབ་དར་རྒྱལ་གླིང་དང་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་གླིང༌།།
ཟངས་མདོག་དཔལ་གྱི་ཕོ་བྲང་མངོན་མཐོ་སུམ་རྩེན་དག་པའི་ཞིང་གི་ཁམས།།
མགོ་ནག་མི་ཡི་ཡུལ་དུ་འཕོས་འདྲའི་བྱ་བ་ལས་ཀྱི་འཁོར་ལོ་ཡིས།།
མིག་ཡིད་རྣ་བའི་དགའ་སྟོན་བསྐྲུན་པས་ཕྱོགས་མེད་འཇིག་རྟེན་ལྷུན་གྱིས་འགུག
སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་རྟེན་དང་བརྟེན་པའི་ཁོར་ལག་ཡངས།།
འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་འདུས་སྡེ་སྟོང་གི་འཁོར་ཚོགས་རྒྱས།།
འདི་དང་འདི་འདྲའི་སྐལ་བཟང་དགའ་སྟོན་མིག་ཡིད་རྣ་བའི་དཔྱིད་འཇོ་བ།།
ཚངས་ཆེན་འཇིག་རྟེན་མེས་པོ་ཡིས་ཀྱང་སྤྲུལ་པར་ནུས་པའི་གནས་མ་ལགས།།
གང་གི་གསང་གསུམ་གསང་བ་མཚོན་པའི་ངོ་མཚར་གཏམ་གྱི་དགའ་སྟོན་དཔལ།།
མཐའ་དག་བརྗོད་ལ་དབྱངས་ཅན་ལྷ་ཡང་ངལ་བར་འགྱུར་ན་སོ་སྐྱེས་ཕལ།།
བདག་འདྲས་སྨྲ་བྱེད་སྟོང་དུ་སྤྲུལ་ཀྱང་བརྗོད་པའི་ཕ་མཐའ་མཛེགས་ནུས་མིན།།
དེ་ཕྱིར་འདི་ནི་རྒྱ་མཚོ་ལས་བྱུང་ཀུ་ཤའི་རྩེ་ཡི་ཆུ་ཐིགས་ཙམ།།
དཎཌིའི་ལུགས་བཟང་འགྲོས་ཀྱི་བསྐྱོད་ན་སྲོལ་རྒྱུན་པ་ཞེས་སྡིག་དམོད་བྱེད།།
ཁ་ཕྱོགས་མེད་པའི་འཆལ་རྩོམ་གསར་པར་འཁྱོགས་འགྲོས་བྱེད་འདོད་བདག་ལ་མེད།།
དེ་ཕྱིར་གཞན་ལ་བརྟེན་པ་མི་དགོས་རང་སྟོབས་སྦྱོར་བའི་སྒྱུ་རྩལ་གྱི།།
སྙན་པར་སྒྲོགས་པའི་ཚིག་གི་ཉམས་འདི་ནང་གི་ཚོར་བའི་རླབས་རིས་སོ།།
གྲོག་མཁར་བ་ནས་ནག་མོ་ཁོལ་དང་ཕྱིས་ཀྱི་ཉི་དབང་མགོན་པོའི་བར།།
ཐང་གི་དུས་ཀྱི་ཚའོ་ཤི་ཞུན་དང་ཀྲུང་གི་ལུའུ་དང་ཀོ་མོ་རོ།།
ས་པཎ་ཞང་ཞུང་དགེ་ཆོས་པ་སོགས་འཕགས་བོད་ཙི་ནའི་རྒྱལ་ཁམས་ཀྱི།།
སྒྱུ་རྩལ་ཚིག་ལ་འདོད་རྒུར་དབང་བསྒྱུར་སྙན་ངག་མཁན་དག་གཤེགས་པའི་ཤུལ།།
ལྟེ་བའི་འཚར་ཁྲག་ཁམས་སུ་འཕོས་པའི་གངས་ཅན་རི་བོའི་ཤར་ཕྱོགས་པ།།
སྐྱེས་སྦྱངས་གོམས་པའི་བག་ཆགས་རྩལ་གྱིས་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་དཔལ།།
འཇིགས་མེད་སྙན་ཚིག་སྨྲ་བའི་དབང་བསྒྱུར་ཕྱོགས་ལས་རྣམ་པར་རྒྱལ་བའི་བུ།།
དེང་སང་གཡུ་ལོས་མཛེས་པའི་ནགས་ལྡན་འཕགས་པའི་ཡུལ་ན་འཆིས་སོ་སྐད།།
དབྱངས་ཅན་མགྲིན་པའི་མཚོ་ལ་རྩེན་པ་སྙན་ཚིག་ངང་མོའི་འགྱུར་ཁུག་གི།
དབྱངས་བདུན་རྫོགས་པའི་ངག་གི་རིག་བྱེད་ཀུན་བཟང་དགྱེས་པའི་མཆོད་སྤྲིན་འདིས།།
སྲས་བཅས་རྒྱལ་བའི་སྙིང་པོར་སྨིན་པ་པདྨ་ནོར་བུའི་འོད་སྣང་འཛུམ།།
ནམ་ཡང་མི་ནུབ་སྲིད་གསུམ་འགྲོ་བའི་ནང་གི་མུན་པ་བསལ་གྱུར་ཅིག།
སྙན་ངག་པ་བེ་རི་འཇིགས་མེད་ཀྱིས་སྤྱི་ལོ་༢༠༠༩ཟླ་བ་ ༡ ཚེས་ ༢༡ ཉིན་སྤྱི་ལྷན་དུ་དང་བ་ཆེན་པོས་བྲིས།