ད་ཡིན་ན་བཀའ་ཁྲི་རིན་པོ་ཆེ་མཆོག་གིས་ང་ཚོ་ཚོང་རྫས་བྱེད་ཀྱི་ཡོད་པ་འདྲ།

དེ་ཡང་   འབྲེལ་མོལ་ཐེངས་དྲུག་པའི་རྗེས་སུ་ང་ཚོར་འབྲེལ་མོལ་གྱི་འཆར་གཞི་མེད་ཀྱང༌། ད་ལོའི་སྤྱི་ཟླ་༣ པར་བོད་ནང་རླབས་ཆེན་གྱི་དོན་རྐྱེན་བྱུང་སྟབས། ཟླ་༥ པར་ནང་ལུགས་ཀྱི་གྲོས་མོལ་བྱུང་སྐབས། རྒྱ་ཕྱོགས་ནས་དགོས་འདུན་བཏོན་པ་བཞིན། ཟླ་༧ པའི་ནང་གི་འབྲེལ་མོལ་ཐེངས་བདུན་པ་དེ་བྱུང་བ་རེད། སྐབས་དེར་རྒྱ་ཕྱོགས་ནས་ད་བར་མང་པོ་བཤད་ཀྱང་ཐག་གཅོད་གང་ཡང་བྱུང་མེད། དབུ་མའི་ལམ་ལ་འགྲེལ་བརྗོད་ཡང་འདྲ་མིན་ཡོང་གིན་འདུག ཞི་བའི་དོན་ཚན་ལྔ་དང༌། གྲོས་འཆར་དོན་ཚན་བདུན་དེ་ཡོང་ཐབས་མེད་པ་ཞིག་རེད། ཁྱོད་ཚོའི་དགོས་འདུན་གྱི་རང་སྐྱོང་ངོ་མ་དེ་གང་དྲ་ཞིག་ཡིན། དེར་ང་ཚོས་ཉན་འདོད་ཡོད་ཟེར་བ་བཞིན། ང་ཚོས་ཡིག་ཆ་དེ་སྤྲད་པ་རེད། ཅེས་རྒྱ་ནག་གི་འདོད་པ་ལྟར་བྱས་པར་གསུངས། ངོ་མ་དེ་ལྟར་ཡིན་ན། སྐབས་དེའི་གཞིས་ལུས་སྤུན་ཟླ་རྣམས་ཀྱི་རླབས་ཆེའི་ཞི་རྒོལ་ཆེན་མོའི་དམིགས་དོན་ལ་ཚད་བཙུགས་ནས་རྣམས་པ་ཚོས་རྒྱ་ནག་དང་ལྷན་དུ་རླབས་ཆེའི་ནང་ལུགས་ཀྱི་ཚོང་ཞིག་བརྒྱབ་ཡོད་པ་འདྲ། ༡༩༥༡ ལོའི་གྲོས་མཐུན་དོན་ཚན་བཅུ་བདུན་སྐབས་རྒྱ་ནག་གི་སྡིག་རའི་འོག་མི་བྱེད་ཐབས་མེད་བྱུང་པར་ཆགས་ཞོག་མོད་དེང་སྐབས་འཛམ་གླིང་གི་མིག་མདུན་ནས་དེ་འདྲའི་འཇིགས་སྐྲག་བྱེད་དགོས་དོན་ཨ་ཡོད། རྣམས་པ་ཚོས་རྒྱ་ནག་ལ་འུ་ཐུག་གཉའ་ཆག་གིས་མགོ་བཏགས་བྱེད་འདོད་ཡོད་ཀྱང་བོད་རྒྱ་ཆེའི་མང་ཚོགས་སྤྱི་དང་ལྷག་པར་གཞིས་བཞུགས་སྤུན་ཟླ་ཚོས་ཚེ་སྲོག་ལ་སེར་སྣ་པར་མེད་པར་རང་བཙན་འཐབས་རྩོད་བྱེད་ཀྱི་ཡོད་པ་ཤེས་གལ་ཆེ་བ་ཡིན། གང་ལྟར་གནད་དོན་དེ་ནི་ང་ཚོ་ཧང་སང་དགོས་པ་ཞིག་མཐོང༌། ད་དུང་རིན་པོ་ཆེས་་  ཡིག་ཆ་དེའི་ནང་འབྲེལ་མོལ་དང་པོ་ནས་བཤད་པ་གཅིག་ཀྱང་མ་ལུས་པར་བཀོད་ཡོད་  གསུང་བཞིན་དུ་ཚིག་རྔ་མ་བུད་གོང་ནས་  སུ་ཊ་སི་སྦག་གི་གསུང་བཤད་དེར་ཧོང་ཀུང་དང་འདྲ་བོ་ཞིག་གསུངས་ཡོད། གཞི་རིམ་གྱི་ཁྲིམས་དང་མང་གཙོའི་ལམ་སྲོལ་ལོགས་སུ་ཡོད། འབྲེལ་མོལ་རིམ་པའི་སྐབས་སུ་དེ་ཡོང་ཐབས་མེད་པ་གསལ་བོ་ཆགས་ཡོད་སྟབས། ༢༠༠༤ ཡས་མས་ནས་ྋགོང་ས་མཆོག་དང་བཙན་བྱོལ་གཞུང་གི་བཞེངས་ཕྱོགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཡོངས་སུ་རྫོགས་པ་ཞིག་བྱུང་ན། ང་ཚོའི་མངོན་འདོད་འགྲུབ་ཡོད་ཅེས། གཞི་རིམ་གྱི་ཁྲིམས་དང་མང་གཙོའི་ལམ་སྲོལ་དགོས་ལབ་མེད་ ཅེས་གསུངས་པ་བཞིན་ཡིག་ཆའི་ནང་འབྲེལ་མོལ་ཐེངས་དང་པོ་ནས་བཤད་པ་གཅིག་ཀྱང་མ་ལུས་པར་བཀོད་ཡོད་ན། ༢༠༠༢ འབྲེལ་མོལ་སྔོན་ཚོའི་སྐབས་དག་དུ་དབུ་མའི་ལམ་གྱི་ཁྲིམས་དང་མང་གཙོའི་སྐོར་གླེང་མེད་པ་རེད་དམ་ཡང་ན་འབྲེལ་མོལ་རིམ་པ་བརྒྱུད་ཡོང་ཐབས་མེད་པར་ཤེས་པ་དེ་དམིགས་དོན་གཞན་ཞིག་གི་ཆེད་བཤད་ཀྱི་ཡོད་པ་རེད། ར་མི་ཐུག་པའི་སྐད་ཆ་དེ་ཚོ་སྐྱག་རྫུན་ནི་ག་ལ་ཡིན། གཞི་རིམ་གྱི་ཁྲིམས་ལོགས་སུ་མེད་པ་དང་མང་གཙོ་ཡང་མེད་པ་ཞིག་རྩོད་ཀྱི་ཡོད་ན། རིན་པོ་ཆེས་ཚད་མཐོའི་རང་སྐྱོང་དང་མིང་དོན་མཚུང་པའི་རང་སྐྱོང་གཉིས་གཅིག་པ་ཡིན་ཟེར་བ་ཡང་ཚོང་བཤད་ཅིག་མ་རེད་དམ། གང་ལྟར་བཤད་སྟེངས་དེ་ཚོ་ནི་གློ་བ་གཏད་པར་དོགས་པ་འབྱུང་བའི་ཆབ་སྲིད་དམ་ཚོང་བཤད་ཁོ་ན་ཡིན་པ་ལས་དོན་དངོས་ཀྱི་ྋགོང་ས་མཆོག་གི་བཀའ་དགོངས་དང་གཞིས་བྱེས་བོད་མིའི་མངོན་འདོད་ཞིག་ག་ལ་ཡིན།