ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།
ལན། སྤྱིར་ནང་ཆོས་ནང་ནས་རིགས་བཟང་ངན་བརྩི་ཡི་ཡོད་མ་རེད། བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་གཙོ་བོ་ཡིན། ལག་ལེན་དེ་གཙོ་བོ་ཡིན་གསུངས་པ་རེད། ཉེ་བར་འཁོར་ལ་སོགས་པ་རྒྱ་གར་ནང་དུ་སྐྲ་འབྲེག་མཁན་སྡུག་ཤོས་བརྩི་ཡི་ཡོད་རེད་དེ། རབ་ཏུ་བྱུང་བ་རེད། ལྷས་བྱིན་ནི་རྒྱལ་པོའི་སྲས་རེད་དེ་བཅོམ་ལྡན་འདས་ཀྱིས་ཉེ་བར་འཁོར་གྱི་མདུན་དུ་ལྷས་བྱིན་གྱིས་ཕྱག་འཚལ་བཅུག་པ་རེད། དེའི་སྐབས་སུ་ས་གཡོ་བའི་རྣམ་པ་དེ་འདྲ་བྱུང་བ་རེད། དེའི་རྗེས་སུ་དེ་འདྲ་མང་པོ་རབ་ཏུ་བྱུང་བ་ཡིན་སྟབས། བཅོམ་ལྡན་འདས་ལ་སྐུར་བ་འདེབས་མཁན་བྱུང་བ་རེད། མཐོང་ཆུང་དུ་ཕྱིན་པ་རེད། དེང་སང་ཡང་རིགས་བརྩི་མཁན་དེ་ཚོས་ཕྲུ་གུ་དེའི་གྲས་ལ་གཏོང་གི་མི་འདུག་གཱ དེ་འདྲའི་བག་ཆགས་སྡུག་ཅག་ཞེ་དྲག་ཅིག་བཞག་ཡོད་རེད། གོམས་གཤིས་དེ་ཚོ་ལམ་སང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། གང་ལྟར་བཅོམ་ལྡན་འདས་ཀྱིས་རིགས་མི་བརྩི་བ་དེ་གསལ་པོ་ཞེ་དྲག་རེད། རིགས་ངན་པ་དེ་ཚོ་རབ་ཏུ་བྱུང་བ་རེད། བཅོམ་ལྡན་འདས་ཀྱིས་ཉེ་བར་འཁོར་ནི་གཞན་གྱི་ཕྱག་འཚལ་སའི་གྲས་སུ་བཞག་པ་མ་ཟད། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་རེད། མི་བརྩི་བ་དེ་གསལ་པོ་ཞེ་དྲག་རེད། འོན་ཀྱང་མིའི་གོམས་གཤིས་དེ་འདྲ་ཡོད་པ་ཡིན་སྟབས། རིགས་ངན་པ་རྣམས་བར་སྐབས་ཤིག་ལ་རབ་ཏུ་བྱུང་བར་ཏོག་ཙམ་བཀག་དགོས་པ་ཆགས་པ་རེད། གང་ཡིན་ཟེར་ན། བཅོམ་ལྡན་འདས་ཀྱི་ཆོས་དེ་མི་ག་ཚོད་མང་མང་ལ་ཕན་པའི་ཆེད་དུ་ཡིན་པར་བརྟེན། བཅོས་སུ་མེད་པའི་གོམས་གཤིས་དེ་འདྲ་ཡོད་པའི་མི་དེ་དག་གིས་ལྟ་བ་མཁྲེགས་པོ་བཟུང་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མ་ཞུགས་པ་ཡིན་སྟབས། མི་ཉུང་ཉུང་ལ་མ་གཏོགས་ཕན་མ་ཐོགས་པ་ཆགས་འགྲོ་ཡི་ཡོད་པ་རེད། དེའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་དགག་བྱ་དགོས་པ་ལ་གཟིགས་ནས་རབ་ཏུ་བྱུང་བ་གནས་སྐབས་ཤིག་ལ་བཀག་དགོས་བྱུང་བ་རེད། དེང་སང་ལྟ་བུ་ཡིན་ན་ཕལ་ཆེར་བཀག་མི་དགོས་པ་ལྟ་བུ་རེད། མི་ཚང་མ་ལ་རང་དབང་ཡོད་རེད། དེའི་སྐབས་སུ་རྒྱལ་པོ་ཚོའི་བཀའ་ལ་ཉན་ནས་འགྲོ་དགོས་ཀྱི་ཡོད་རེད། སྤྱིར་བཏང་བཅོམ་ལྡན་འདས་ཀྱིས་རིགས་བཟང་ངན་བརྩིས་པ་ཡོད་མ་རེད། རིགས་དམན་པའི་སྐོར་ལ་བཀའ་འགྱུར་ནང་དུ་པོ་ཏི་གཅིག་ཙམ་ཡོད་རེད། རིགས་བཟང་ངན་གཙོ་བོ་བརྩི་མཁན་བྲམ་ཟེ་རེད། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་རྟོག་གེ་འབར་བའི་ནང་དུ་རྒྱུ་མཚན་ལ་བལྟས་ན། བྲམ་ཟེའི་རིགས་ཟེར་བ་ཞིག་ཀྱང་འཇོག་རྒྱུ་མི་རྙེད་པའི་སྐོར་ཡང་གསུངས་ཡོད་རེད། དེང་སང་བལྟས་ན་རིགས་བཟང་ངན་ཟེར་བ་བརྩི་མི་དགོས་པ་ལྟ་བུ་ཞིག་རེད། བསམ་བློ་ཏན་ཏན་བཏང་ནས་བསྒྱུར་བཅོས་གཏོང་དགོས་པ་ལྟ་བུ་རེད།
དྲི་བ། ནང་པའི་བླ་མ་ཡིན་ན་འདྲ། གྲྭ་པ་ཡིན་ན་འདྲ་དམར་ཟས་ཟ་བའི་གོམས་གཤིས་ཤིག་ཡོད་པ་དེ་ནང་ཆོས་ནས་ཟ་ཆོག་པར་གསུངས་པ་རེད་དམ། ཡང་ན་མི་ཆོག་པར་གསུངས་པ་རེད།
ལན། དེ་ལ་རིགས་གཉིས་ཡོད་རེད། བཅོམ་ལྡན་འདས་ཀྱི་ཆོས་ལ་ཐེག་པ་ཆེན་པོ་དང་ཐེག་པ་དམན་པ་ཞེས་རིགས་གཉིས་ཡོད་རེད། ཐེག་པ་དམན་པའི་ནང་དུ་ཤ་བཀག་ཡོད་མ་རེད། ཤ་གནང་བ་རེད། གནང་བ་དང་བཀག་པ་སྒྲུབ་པ་ཞེས་པ་ཞིག་ཡོད་རེད། བཅོམ་ལྡན་འདས་ཀྱིས་བསྟན་པ་ཟེར་བ་དེ་ཁྲིམས་རེད། ཁྲིམས་ལ་གོ་དགོས་པ་ཞིག་རེད། ཁྲིམས་དེ་ལ་གནང་བ་དང༌། བཀག་པ། སྒྲུབ་པ་བཅས་རེད། ངེས་པར་དུ་བྱེད་དགོས་པ་རེད་ཟེར་བ་དེ་སྒྲུབ་པ་རེད། རྩ་བ་ནས་བྱེད་རྒྱུ་ཡོད་མ་རེད་ཅེས་པ་དེ་བཀག་པ་རེད། བྱས་ཀྱང་མ་བྱས་ཀྱང་འགྲིག་པ་དེ་གནང་བ་ཞེས་པ་རེད། དེར་བརྟེན་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་གནས་སྐབས་སུ་ཤ་བཀག་ཡོད་མ་རེད། རྣམ་གསུམ་དག་པའི་ཤ་དེ་གནང་བ་རེད། ཆེད་དུ་བསད་པ་ཡིན་ན་འགྲིག་གི་ཡོད་མ་རེད། མཐོང་ཐོས་དོགས་ཞེས་མཐོང་བ་ཡིན་ན་འགྲིག་གི་མ་རེད། ཐོས་ནའང་འགྲིག་གི་མ་རེད། ཐེ་ཚོམ་ཟོས་ནའང་འགྲིག་གི་ཡོད་མ་རེད། དེ་འདྲ་གང་ཡང་མིན་པའི་ཤ་ཞིག་ཡིན་ན་བཟས་ཀྱང་འགྲིག་གི་ཡོད་རེད། ཐེག་པ་ཆེན་པོ་ལྟར་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད། གསལ་པོ་ཞེ་དྲག་ཡོད་རེད། ཐེག་ཆེན་གྱི་ཆོས་ནང་དུ་ག་རེ་གསུངས་ཡོད་རེད་ཟེར་ན། གལ་སྲིད་པ་ཕས་རང་གི་ཕྲུ་གུ་ཟ་ཐུབ་པའི་ནུས་པ་ཡོད་ན་ཤ་ཟ་ཆོག་གསུངས་ཡོད་རེད། དེའི་ཐད་མདོ་མྱང་འདས་ནང་དུ་བཅོམ་ལྡན་འདས་ལ་བཀའ་འདྲི་ཞུས་པ་རེད། དེ་འདྲ་ཡིན་ན་དགེ་སློང་ཟེར་བ་དེ་བསོད་སྙོམས་ལ་བརྟེན་ནས་འདུག་དགོས་སྟབས། ཤ་འབུལ་མཁན་བྱུང་ན་ག་རེ་བྱེད་དགོས་རེད་ཅེས་དྲིས་པ་རེད། བཅོམ་ལྡན་འདས་ཀྱིས་སྔོན་ལ་ཤ་དེ་དག་ཕར་གཡུགས། དེ་ནས་འབྲས་ཡོད་ན་འབྲས་བཀྲུས་ཤོག་གསུངས་པ་རེད། ཤ་ཡི་ཤུལ་ལྷག་པ་དེ་བཀྲུས་ཚར་རྗེས་དེ་ནས་འབྲས་ཟ་ཆོག་གསུངས་པ་རེད། ཐེག་པ་ཆེན་པོའི་ནང་མཐའ་གཅིག་ཏུ་བཀག་པ་རེད། ག་རེ་རེད་ཟེར་ན། ཤ་ཟོས་པ་ཡིན་ན་སྙིང་རྗེ་ཆེན་པོ་སྐྱེ་བའི་གེགས་བྱེད་ཀྱི་ཡོད་རེད། སྙིང་རྗེ་ཆེན་པོ་དེ་སེམས་ཅན་ལ་བརྟེན་ནས་སྐྱེ་དགོས་ཀྱི་རེད། བོད་ཀྱི་བླ་མ་ཁ་ཤས་ཀྱིས་ལྡོག་ཆོས་ཡང་གནང་ཡོད་ས་རེད། དེར་བརྟེན་ཐེག་པ་ཆེན་པོ་དང་རྩ་བ་ནས་མི་མཐུན་པ་རེད། ཡིན་ན་ཡང་ཡུལ་དུས་ལ་བརྟེན་ནས་ལོངས་སྤྱོད་མཁན་ལ། སོ་སོས་ཟ་ཡི་མེད་ཀྱང་མིས་ཟོས་པ་ལ་ལྟ་སྟངས་སྡུག་ཅག་བྱས་ན་འགྲིག་གི་མ་རེད། སོ་སོས་མ་བཟས་ན་ཡག་པོ་རེད། མིས་ཟོས་པ་ལ་སྐྱོན་འཛུགས་བྱས་ན་འགྲིག་གི་ཡོད་མ་རེད།
དྲི་བ། མོ་རྒྱག་པ་དང་སྤྲ་འབེབས་པ་ཟེར་བ་དེ་ཚོ་ནང་ཆོས་ནས་གསུངས་པ་ཞིག་རེད་དམ།
ལན། བཀའ་འགྱུར་གྱི་རྒྱུད་ནང་དུ་སྤྲའི་སྐོར་ཅུང་ཙམ་གསུངས་ཡོད་རེད། མོ་རྒྱག་པ་དེ་ཕལ་ཆེར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞིག་ཡིན་རྒྱུ་མ་རེད། ད་ལྟའི་བཀའ་འགྱུར་ནང་ལ་ཕལ་ཆེར་ཡོད་ཀྱི་མ་རེད། ངས་གསལ་པོ་རང་དྲན་གྱི་མི་འདུག བོད་ཀྱི་བླ་མ་ཚོས་མཛད་བཞག་པ་ཞིག་རེད། བཅོམ་ལྡན་འདས་ཀྱི་ཆོས་དང་མཐུན་གྱི་མ་རེད་ཅེས་བརྒྱ་ཆ་བརྒྱ་ཐམ་པ་ལབ་ཐུབ་ཀྱི་མ་རེད། མཐུན་གྱི་རེད་ཅེས་ཁ་ཚོན་བཅད་ནས་ལབ་ཐུབ་རྒྱུ་ཁག་པོ་རེད། ཡིན་ན་ཡང་མཐུན་པའི་ཕྱོགས་ལ་ཤུགས་ཆེ་བ་ལྟ་བུ་ཞིག་རེད། བརྒྱ་ཆ་བརྒྱ་ཐམ་པ་དེ་ལ་ཡིད་ཆེས་བྱས་ན་འགྲིག་གི་ཡོད་མ་རེད། དེའི་ཐོག་ནས་ཕན་ཐོགས་ཡང་མང་པོ་ཡོང་གི་རེད། སྤྲ་ཟེར་བ་དེ་སྤྲ་དམིགས་དེའང་ཡག་པོ་ཡོད་པ་མ་ཟད། སྤྲ་འབེབས་མཁན་དེ་ཡང་ཚུལ་ཁྲིམས་གཙང་མ་ཡག་པོ་ཞིག་ཡོད་པ་ཡིན་ན། འགའ་ཤས་ལ་ཧ་གོ་ཡི་ཡོད་རེད། རྩ་བ་ཉིད་ནས་ཧ་མི་གོ་བ་དེ་ཚོ་ལ་ཅ་ལག་དང་བཅས་པ་ཧ་གོ་བ་དེ་འདྲ་ཡོང་གི་ཡོད་རེད། རྦད་དེ་མེད་པ་དེ་འདྲ་ཡང་མ་རེད་དེ། བརྒྱ་ཆ་བརྒྱ་དེ་ལ་བློ་བཀལ་བ་ཡིན་ན་ལས་འབྲས་ལ་ཡིད་མི་ཆེས་པ་ལྟ་བུ་ཆགས་འགྲོ་ཡི་རེད། དེ་ལྟར་བྱས་ན་ནང་ཆོས་དང་མི་མཐུན་པ་ཆགས་འགྲོ་ཡི་རེད། རྩ་བའི་ཆ་ནས་མི་མཐུན་པ་རང་མ་རེད།
དྲི་བ། ལས་རྒྱུ་འབྲས་ཡོད་མེད་ཟེར་བ་དེའི་ཚད་གཞི་ག་འདྲ་ཞིག་འཛིན་དགོས་སམ།
ལན། ལས་ཟེར་བ་བྱ་བ་ལ་ཟེར་གྱི་ཡོད་རེད། བྱ་བ་བཟང་པོ་ཞིག་བྱས་པ་ལ་བརྟེན་ནས་འབྲས་བུ་བདེ་བ་ཡོང་གི་རེད། བྱ་བ་ངན་པ་བྱས་པ་ལ་བརྟེན་ནས་འབྲས་བུ་དེའང་ངན་པ་ཞིག་ཡོང་གི་རེད་ཅེས་དེ་འདྲ་ལ་ཡིད་ཆེས་པ་དེ་ལ། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ཟེར་བ་རེད། ལས་རྒྱུ་འབྲས་མི་འདུག་ཟེར་དུས་སྡིག་པ་མིག་བཙུམ་བྱེད་ཀྱི་ཡོད་རེད། ལས་ངན་པ་བྱས་པ་ལ་བརྟེན་ནས་འབྲས་བུ་ངན་པ་འབྱུང་གི་རེད་བསམ་པའི་ཐེ་ཚོམ་མེད་མཁན་དེ་ལ་ཁྱོད་རང་ལ་ལས་རྒྱུ་འབྲས་མི་འདུག་ཟེར་གྱི་ཡོད་རེད། དེ་བཞིན་བྱ་བ་བཟང་པོ་ལ་བརྟེན་ནས་དེའི་འབྲས་བུ་ལ་ཡག་པོ་ཡོང་གི་ཡོད་པའི་ཡིད་ཆེས་མེད་མཁན་དེ་ལ་ལས་རྒྱུ་འབྲས་མི་འདུག་ཟེར་གྱི་ཡོད་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དུ་དཀའ་ལས་ཁག་ཤོས་དེ་ལས་རྒྱུ་འབྲས་རེད། གང་ཡིན་ཟེར་ན། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དེ་དག་གིས་དཀོན་མཆོག་གིས་བྱས་པ་རེད་ལབ་དུས་དེས་ཐག་ཆོད་འགྲོ་ཡི་རེད། བཟང་ངན་ཐམས་ཅད་དཀོན་མཆོག་གིས་བཟོས་པ་རེད་ལབ་དུས། དེ་ནས་སྐྱེ་བ་ཡང་བརྗེ་རྒྱུ་མེད་པ་ཆགས་འགྲོ་ཡི་རེད། ང་ཚོས་ཟེར་ན་དེ་འདྲ་མ་རེད། དངོས་པོ་ག་འདྲ་ཞིག་ཡིན་ཡང་དེ་ལ་འགྱུར་བ་ཡོང་དགོས་ཀྱི་རེད། འགྱུར་བ་ཡོང་བ་དེའང་རྒྱུ་གཅིག་ལ་བརྟེན་ནས་འགྱུར་བ་འགྲོ་ཡི་རེད་མ་གཏོགས། རྒྱུ་ལ་འགྱུར་བ་མ་ཕྱིན་པར་འབྲས་བུ་ཡོང་གི་མ་རེད། ཕྱི་ལོག་གི་ཅ་ལག་ག་འདྲ་ཞིག་ཡིན་རུང་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་པ་རེད་མ་གཏོགས། མ་བརྟེན་པར་སྐྱེ་རྒྱུ་རྩ་བ་ནས་མེད་པ་རེད། དེ་བཞིན་ནང་གི་ཚོར་བ་བདེ་སྡུག་དེའང་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་དགོས་ཀྱི་རེད། དེར་བརྟེན་རང་ཉིད་ལ་སྡུག་བསྔལ་ཞིག་བྱུང་བ་ཡིན་ན། དེ་སྔོན་མ་བྱ་བ་ངན་པ་བྱས་པ་ལ་བརྟེན་ནས་བྱུང་བ་རེད།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།