ས་གླང་ལོའི་བོད་ཀྱི་ལོ་གསར་འཐབ་རྩོད་ཀྱི་སྒོ་ནས་ལོ་ནག་སྲུང་བརྩི།
དེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། རིག་གནས་གསར་བརྗེ་སྐབས་ཀྱི་ནོར་འཁྲུལ་དང་སྐྱོ་གདུང་གི་གནས་བབ་ཐབས་སྡུག་དེ་དང་གཅིག་མཚུངས་ཤིག་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱི་ལོ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་རྒྱ་གཞུང་གིས་སླར་ཡང་འགོ་བཙུགས་ཏེ། ད་ལྟ་ཡང་དེ་འབྲེལ་དམར་གསོད་དང༌། མནར་གཅོད། ཁྲིམས་ཆད། དམ་དྲག འཇིགས་དངངས་སོགས་མཇུག་རྫོགས་མེད་པར་བོད་ནང་མུ་མཐུད་ཛ་དྲག་ངང་གནས་མུས་རེད་ཅེས་བརྗོད་སོང༌།
གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་འཁོད་དོན། དེ་རིང་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གཞིས་ལུས་སྤུན་ཟླ་རྣམས་མི་ ལོ་༥༠རིང་རང་གི་དབུ་ཁྲིད་དང་སྲིད་གཞུངཁ་བྲལ་བའི་དྲན་གདུང་སྐྱོ་སྣང་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཕྱི་ལོ༡༩༤༩ལོར་དགྲ་བོ་རྒྱ་དམར་གྱིས་བོད་རྒྱལ་ཁབ་ཏུ་བཙན་འཛུལ་འགོ་བཙུགས་ཏེ། ༡༩༥༩ ལོར་བོད་ཀྱི་རྒྱལ་ས་དང་བཅས་པ་དགྲ་འོག་ཏུ་ཚུད་ཅིང་བོད་གཞིས་བྱེས་གཉིས་སུ་ གྱེས་པ་ནས་བཟུང༌། གཞིས་ལུས་སྤུན་ཟླ་རྣམས་དགྲ་བོའི་བཙན་འོག་ནས་ཚེ་སྲོག་དང་བདེ་འཇགས་ལ་མནར་གཅོད་འཇིགས་ཉེན་བཟོད་དཀའ་བ་མྱོང་བཞིན། བོད་རྒྱལ་ཁབ་ཆེན་པོའི་ལོ་རྒྱུས་ཀྱི་བདེན་དོན་དང༌། བོད་མི་རིགས་ཀྱི་མ་འོངས་མདུན་ལམ་ཆེད་དཀའ་ངལ་དང༌། འཇིགས་ཉེན་བརྒྱ་ཕྲག་ལ་གདོང་ལེན་གྱིས་བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་མཐུད་གནང་བའི་རླབས་ཆེན་གྱི་ལོ་ཟླའི་བརྒྱུད་རིམ་ཁྲོད། དགྲ་བོའི་དྲག་གནོན་མནར་གཅོད་འོག བོད་གངས་ཅན་པའི་དཔའ་བོ་དཔའ་མོ་ཁྲི་ཁྲག་དུ་མའི་རྩ་ཆེའི་གཅེས་སྲོག་ཤོར་ཡོད་པ་དང༌། ལྷག་པར་ཕྱི་ལོ ༢༠༠༨ ལོར་བོད་ས་ཡོངས་རྫོགས་ནས་གཞིས་ལུས་སྤུན་ཟླ་ཁྲི་ཚོ་དུ་མས་རྡོག་རྩ་ཆིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་གི་སྒོ་ནས་དགྲ་བོ་རྒྱ་དམར་གྱི་བཙན་འཛུལ་བཙན་གནོན་ལ་ཞི་བས་ངོ་རྒོལ་བྱས་ཏེ། བོད་ཀྱི་བདག་དབང་དང་བོད་མིའི་མངོན་འདོད། དགྲ་བོའི་བཙན་གནོན་འོག་གི་བོད་མིའི་དཀའ་སྡུག་བཅས་འཛམ་གླིང་གི་མདུན་སར་གསལ་སྟོན་གནང་བར། རྒྱ་གཞུང་ངོ་ཚ་ཁ་སྐྱེངས་ཀྱིས་བོད་མིའི་ཐོག་ཚད་མཐོའི་དམག་དཔུང་དང་དྲག་གནོན་བེད་སྤྱོད་བཏང་སྟེ། བོད་མི་བརྒྱ་ཕྲག་དུ་མའི་རྩ་ཆེའི་གཅེས་སྲོག་འཕྲོགས་པ་དང༌། སྟོང་ཕྲག་དུ་མ་འཛིན་བཟུང་མནར་གཅོད་ཀྱིས་དུས་རབས་ཉེར་གཅིག་པའི་སྐབས་སུ་བོད་ནང་དུ་དམར་གསོད་དང་མནར་གཅོད་འཇིགས་དངངས་འོག ཟུངས་ཁྲག་དང་མིག་ཆུའི་རྒྱ་མཚོ་འཁྱིལ་ཞིང༌། ཡུགས་མོ་དང་དྭ་ཕྲུག་གི་ངུ་འབོད་ཀྱིས་ཁེངས་པའི་ལོ་རབས་བདུན་ཅུ་པའི་རིག་གནས་གསར་བརྗེ་སྐབས་ཀྱི་ནོར་འཁྲུལ་དང་སྐྱོ་གདུང་གི་གནས་བབ་ཐབས་སྡུག་དེ་དང་གཅིག་མཚུངས་ཤིག་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱི་ལོ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་རྒྱ་གཞུང་གིས་སླར་ཡང་འགོ་བཙུགས་ཏེ། ད་ལྟ་ཡང་དེ་འབྲེལ་དམར་གསོད་དང༌། མནར་གཅོད། ཁྲིམས་ཆད། དམ་དྲག འཇིགས་དངངས་སོགས་མཇུག་ རྫོགས་མེད་པར་བོད་ནང་མུ་མཐུད་ཛ་དྲག་ངང་གནས་མུས་ཡིན།
དེར་བརྟེན། བོད་གངས་ཅན་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་གི་རྒྱལ་ཁབ་དང༌། བདེན་དོན། མི་རིགས་བཅས་ཀྱི་ཆེད་དུ་བློས་གཏོང་གནང་བའི་རླབས་ཆེན་སྙིང་སྟོབས་ལ་གུས་བཀུར་དང༌། ཁོང་རྣམ་པའི་རྩ་ཆེའི་གཅེས་སྲོག་ཤོར་བ་དང་མནར་གཅོད་མྱོང་བཞིན་པའི་སྐྱོ་གདུང་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་དང༌། དེ་བཞིན་འདི་ལོར་རྒྱ་ནག་གིས་ཕྱི་ལོ་ ༡༩༤༩ ལོར་བོད་དུ་བཙན་འཛུལ་བྱས་ནས་མི་ལོ་ ༦༠ འཁོར་བ་དང༌། བོད་ཀྱི་རྒྱལ་ས་ལྷ་ས་ཧམ་བཟུང་བྱས་ཏེ་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་གཞུང་ཡུལ་གྱར་དུ་གནས་དགོས་བྱུང་ཞིང་གཞིས་བྱེས་ཁ་བྲལ་ནས་མི་ལོ་༥༠འཁོར་བའི་དུས་ཚིགས་བཅས་འཁེལ་བས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ ༢༠༠༩ བོད་རྒྱལ་ལོ་ ༢༡༣༦ རབ་གནས་ས་གླང་ལོའི་ལོ་གསར་མི་གཏོང་བར། འཐབ་རྩོད་ཀྱི་སྒོ་ནས་ལོ་ནག་གི་ངོ་བོར་སྲུང་བརྩི་ཞུ་རྒྱུ་ཡིན།
དེ་ཡང་ལས་འགུལ་ཁག་གཤམ་གསལ།
༡ ༽ བོད་རྒྱལ་ལོ༢༡༣༥རབ་གནས་ས་བྱི་བོད་ཟླ་ ༡༢ ཚེས་༢༩ཉིན་ནམ་རྒྱུན་གླུད་གཡུག་གཏོང་གི་ཚབ་ཏུ་མའོ་ཙེ་ཏུང་དང་ཧོ་ཅིངཐོའི་འདྲ་གཟུགས་ཆེན་པོ་རེ་གཡུག་གཏོང་བྱ་རྒྱུ་ཡིན་ཞིང༌། ལས་འགུལ་ནང་ཞུགས་མཁན་སོ་སོས་ཀྱང་གླུད་ཀྱི་ཚབ་ཏུ་སོ་སོའི་ནང་ནས་མའོ་དང་ཧུའི་འདྲ་གཟུགས་རེ་མཉམ་ཁྱེར་དགོས།
༢ ༽ བོད་ཚེས ༣༠ སྟེ་གནམ་གང་ཉིན་བོད་ཀྱི་རྩ་དོན་སྐོར་མཉམ་སྦྲེལ་རྒྱལ་ཚོགས་དང༌། ཡོ་རོབ་གྲོས་ཚོགས་ལ་འབུལ་རྒྱུའི་མཚནརྟགས་བསྡུ་རུབ་བྱས་ཏེ། ཁུངས་སོ་སོར་སྦྲགས་ཐོག་འབུལ་གཏོང་ཞུ་རྒྱུ།
༣ ༽ བོད་རྒྱལ་ལོ ༢༡༣༦ རབ་གནས་ས་གླང་ལོའི་ལོ་གསར་ཚེས་༡ཉིན་ཞོགས་པ་ཆུ་ཚོད་༩་༣༠ནས་འགོ་འཛུགས་ཀྱིས་ རྡ་རམ་ས་ལར་ཟས་བཅད་ལས་འགུལ་ཚེས་ ༣ བར་མི་གྲངས་ལྔ་བཅུས་མི་འགྲོ་བརྗེ་ལེན་མེད་པར་ཟས་བཅད་ལས་འགུལ་མུ་མཐུད་སྤེལ་རྒྱུ་དང༌། ཚེས་གཅིག་དགོང་མོར་མྱ་ངན་མཚོན་ཆེད་སྒེར་སོ་སོའི་ཁང་པའི་ཕྱི་རོལ་ཏུ་མཆོད་མེ་ དང་ཡང་ལྭ་སྒྲོན་འབུལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
༤ ༽ ལོ་གསར་ཚེས་༢་ཉིན་ཞོགས་པ་ཆུ་ཚོད་༩་༣༠ལྷ་རྒྱལ་རིར་དཔའ་བོ་ཐུབ་བསྟན་དངོས་ གྲུབ་མཆོག་གི་སྐུ་བརྙན་མདུན་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་སླད་འདུ་འཛོམས་ཀྱིས། ལྷ་རྒྱལ་རི་ནས་རྡ་ཤོད་ཀ་ཅ་རི་བར་གཞི་རྒྱ་ཆེ་བའི་རྔམས་སྟོན་ཁྲོམ་སྐོར་བྱ་ རྒྱུ།
༥ ༽ ལོ་གསར་ཚེས ༣ ཉིན་ཕྱི་ལོ ༢༠༠༨ ལོའི་བོད་ནང་གི་རྒྱལ་གཅེས་དཔའ་བོ་རྣམ་པའི་གཙོས་ད་བར་བོད་རང་བཙན་གྱི་དོན་གཅེས་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་སླད། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དང་སྨོན་ལམ་གསོག་སྒྲུབ་ཀྱི་ འདས་མཆོད་རྒྱས་པ་ཞིག་བཅས་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གོ་སྒྲིག་ཞུ་རྒྱུ་མ་ཟད། ལས་འགུལ་དེ་དག་ཡོངས་རྫོགས་ས་གནས་ཁག་ལ་ཡང་གཅིག་མཚུངས་སྤེལ་དགོས་པ་ས་གནས་གཞོན་ནུ་ཁག་ཡོངས་ལ་བཀོད་ཁྱབ་བཏང་སྟེ། ས་གནས་སོ་སོར་ཡང་ལས་འགུལ་གཅིག་མཚུངས་སྤེལ་རྒྱུ་ཡིན།
ང་ ཚོས་དེ་རིང་གི་ལས་འགུལ་འདི་བརྒྱུད་རྒྱ་ནག་སྲིད་གཞུང་དང་རྒྱལ་སྤྱིའི་ཁྱོན་དུ་ནན་བརྗོད་བྱ་རྒྱུ་ནི། ལོ་རྒྱུས་ཀྱི་བདེན་དོན་དང༌། བོད་མི་ས་ཡ་དྲུག་གི་མངོན་འདོད་ལྟར་རྒྱ་ནག་གཞུང་གིས་བོད་ཡུལ་བཙན་བཟུང་བྱ་ རྒྱུ་ཕྱིར་འཐེན་གྱིས་གང་མགྱོགས་བོད་ས་བོད་མིར་རྩིས་སྤྲོད་དགོས་པ་དང༌། དེང་སྐབས་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་རང་དབང་དགོསཔ་དེ་ཡིན། དེའི་ཐད་མཉམ་སྦྲེལ་རྒྱལ་ཚོགས་དང་ཡོ་རོབ་གྲོས་ཚོགས་སོགས་རྒྱལ་སྤྱིའི་སྲིད་གཞུང་དང༌། ཚོགས་སྡེ་མི་སྒེར་བཅས་ནསབལྟ་སྐུལ་དོན་ཕན་ལྡན་པ་དགོས་པའི་རེ་སྐུལ་ཞུ་རྒྱུ་ ཡིན།
རྒྱ་ནག་གི་དྲག་གནོན་དང་གཡོ་ཐབས་འོག་ཏུ་ལོ་ངོ ༦༠ སོང་ཡང༌། ང་ཚོ་གངས་ཅན་པ་རྣམས་དཔའ་ངར་དང་སྙིང་སྟོབས་དགུ་འགྱུར་ལྡན་པའི་མི་རིགས་རླབས་ཆེན་ཞིག་ཡིན་པར་བརྟེན། ང་ཚོ་བོད་མི་རིགས་དང་བོད་ཀྱི་རྩ་དོན་མ་ཤི་གསོན་པོར་གནས་ཐུབ་ཡོད་པ་མ་ཟད། ང་ཚོའི་འཐབ་རྩོད་ཀྱི་རྒྱལ་ཁ་ཇེ་གསལ་དང་ལྷན་འཛོམས་ཀྱི་དགོད་སྒྲ་ཇེ་ཉེ་ཡིན་ལ། དགྲ་བོའི་བོད་འཆི་ལམ་དུ་བསྐྱལ་བའི་ངན་ཇུས་ཀྱང་ཇེ་རྣོ་ཇེ་སྡུག་ཡིན་པས། ད་ནས་ང་ཚོ་གཞིས་བྱེས་བོད་མི་ཡོངས་གརྐྱ་སྔར་བས་རིག་པ་གཟབ་གྲུང་དང༌། རང་ཡིད་རང་ཆེས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་དང་རྡོག་རྩ་ཆིག་སྒྲིལ་ངང་ཡར་ལངས་ཀྱིས་རང་ནུས་ལ་བརྟེན་ནས་དགྲ་བོ་ཕྱིར་འབུད་དང་རང་ས་རང་ལག་ཏུ་ལེན་ཅིང༌། གཞིས་བྱེས་ཁ་འཐོར་གྱི་སྐྱོ་གདུང་མཇུག་བསྒྲིལ་ཏེ། གཞིས་བྱེས་ལྷན་འཛོམས་ཀྱི་དགའ་སྟོན་མི་རིང་བར་བསུ་རྒྱུའི་གདེངས་སྤོབས་དང་ཆོད་སེམས་ཀྱིས་རང་བཙན་སླར་གསོའི་གོམ་སྟབས་སྔར་ལྷག་མདུན་བསྐྱོད་དགོས་པའི་དུས་ཚིགས་སུ་སླེབས་ཡོད་པ་དྲན་སྐུལ་ཞུ་རྒྱུ་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རྒྱལ་ལོ ༢༡༣༥ ཕྱི་ལོ ༢༠༠༩ ཟླ ༡ ཚེས ༢༩ ཉིན་ཞེས་འཁོད་ཡོད་པ་རེད།།