མིག་ནང་མཆི་མ་འཁོར་བའི་སྲིད་འཛིན་བརྗེ་སྤོའི་མཛད་སྒོ།
མི་ ནག་གཞས་མ་གྲགས་ཅན་ཧྥུ་ལན་ཁེ་ལིང་གིས་མིའི་ཚོར་འདུ་དག་ནམ་མཁར་འཕྱོ་ཐུབ་པའི་ གླུ་དབྱངས་སོགས་ཀྱི་སྔོན་འགྲོའི་མཛད་སྒོའི་ལས་རིམ་ཁག་གྲུབ་རྗེས།མི་ནག་སྲིད་འཛིན་ཨོ་བྷ་མས་གནམ་བདག་ཆོས་ལུགས་ཀྱི་དཔེ་ཆའི་སྒང་ལག་པ་བཞག་པ་དེ་ཡང་ཨ་རིའི་མི་དམངས་ཚོས་མི་ཆོས་ཀྱི་སྙིང་པོ་མཚོན་ཐུབ་པའི་རྨི་ལམ་གཅིག་ལ་ལག་པ་འཆང་བཞིན་པ་དང་ཅིས་མི་མཚུངས།གཟིགས་དང༌།མི་རིགས་དཀར་པོ་སྲིད་འཛིན་ཟུར་པ་བྷུ་ཤིས་མི་རིགས་ནག་པོ་ལ་མཛའ་བརྩེ་དང་བག་ཡངས་ཀྱི་སྒོ་ནས་འཛམ་གླིང་དུ་སྟོབས་ཆེ་ཤོས་ཀྱི་ཨ་རིའི་རྒྱལ་ཁབ་སྲིད་འཛིན་གྱི་དབང་ཆ་མི་ནག་ཅིག་ལ་སྤྲོད་དུས་གང་ཟག་སུ་འདྲ་ ཞིག་ཡིན་ཡང་མིག་ནང་མཆི་མ་འཁོར་བར་འགོག་ཐབས་ག་ལ་ཡོད།
ཤ་ མདོག་དཀར་པོའི་རིགས་སམ་དེ་སྔོན་ཨ་རིའི་སྲིད་འཛིན་ལིང་ཁེན་དང་མི་རིགས་ནག་པོ་ ཨོ་བྷ་མ་བར་སྲིད་འཛིན་བཞི་ཅུ་ཞེ་བཞི་བརྗེ་སྤོ་བྱས་པའི་བར་བགྲང་བྱ་ཧྲིལ་པོ་བརྒྱ་དང་ཞེ་བཞི་ཕྱིན་འདུགཨ་རིའི་སྲིད་འཛིན་ཟུར་པ་ལིང་ཁན་གྱིས་མི་ནག་གི་བྲན་གཡོག་ཚོར་རང་དབང་སྤྲད་ནས་ད་བར་གྱི་བགྲང་བྱ་བརྒྱ་དང་ཞེ་དྲུག་ནང་།ད་ཆ་མི་ནག་གི་སྲིད་འཛིན་དངོས་སུ་ཕོ་བྲང་དཀར་པོའི་བདག་པོར་གྱུར་ཡོད་པ་རེད།འདི་ནི་མི་སེམས་ཀྱི་ཚོར་འདུ་དགུང་དུ་འཕྱུར་ཐུབ་པའི་རྨི་ལམ་མངོན་སུམ་དུ་གྱུར་པའི་ཡིད་འོང་གི་ཕུགས་བསམ་ལྟ་བུའི་ རྨི་ལམ་ཞིག་རེད་ཨང༌།
དགའ་ སྤྲོའི་རྣམ་པ་དེས་ཨ་རིའི་བ་ཚོས་རང་དབང་དང་ལེགས་འགྱུར་གྱི་དཔའ་ངར་མཚོན་ཡོད་ ལ།ཁོ་ཚོས་དྲང་བདེན་ལ་ཡིད་ཆེས་དང་ལུགས་བཟང་སྤེལ་བའི་བློ་གྲོས་ཀྱང་མཚོན་ཐུབ་ཡོད་པ་ཐེ་ཚོམ་དགོས་དོན་མེད།བཟང་པོའི་འགྱུར་ལྡོག་དེའང་བོད་མི་དམངས་ཀྱི་རྟག་ཏུ་རྨིས་བཞིན་པའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་གཅིག་མཚུངས་ཀྱི་འགྲོ་བ་མིའི་རང་དབང་ཡོངས་རྫོགས་ལོངས་སུ་སྤྱོད་ཐབས་ཀྱི་རྨི་ལམ་དེ་མ་རེད་དམ།
ཨ་རིའི་རྒྱལ་ཁབ་ཀྱི་དགའ་སྤྲོ་དེ་ཡང་ང་ཚོ་འགྲོ་བ་མིའི་རིགས་གཅིག་མཚུངས་ཀྱི་དགའ་སྤྲོ་ཞིག་ཡིན་ཆོག་ལ།དམིགས་བསལ་དུ་རང་དབང་དང་འདྲ་མཉམ་མེད་པའི་འཇིག་བརྟེན་གྱི་ཁམས་སུ་དེ་བས་སྙིང་པོ་དང་རིན་ཐང་ལྡན་པའི་འབྱུང་འགྱུར་ཞིག་རེད།ང་ཚོ་བོད་མི་རིགས་ལའང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་པའི་རྨི་ལམ་ཞིག་ཡོད་ལ།རྨི་ལམ་དེའི་ཆེད་དུ་གངས་ཅན་པའི་སྐྱེ་བོ་ག་ཚོད་སྲོག་གིས་ལེགས་སྐྱེས་ ཕུལ་ཡོད་དམ།ཁ་བ་རི་པའི་བདེ་དོན་ཆེད་དུ་ང་ཚོའི་མེས་པོ་ཚོ་ནས་ད་བར་དཀའ་སྤྱད་ ཀྱི་ལོ་ཟླ་ཇི་ཙམ་འགྲིམས་ཡོད་དམ།
འགྲོ་ བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དགོས་ལ། འགྲོ་བ་མི་ལ་ཡོད་པའི་གཅིག་མཚུངས་ཀྱི་རང་དབང་དགོས།དེར་བརྟེན།ནམ་ཞིག་ང་ཚོའི་མི་རབས་ནས་མི་རབས་བརྒྱུད་པའི་དཀའ་སྤྱད་ཀྱི་བརྩོན་འགྲུས་དེ་དག་ལའང་གྲུབ་འབྲས་ལེགས་པར་ཐོན་པའི་དུས་ཤིག་ཡོད་ལོས་དགོས།མིའི་རིགས་ཀྱི་བདེ་དོན་གཉེར་ཞིང་དེར་ཡིད་ཆེས་སྲ་བརྟན་བརྒྱུད་མིའི་རིགས་ཀྱི་ཕུགས་བསམ་ལེགས་གྲུབ་བྱེད་པ་དེ་ནི་ཨ་རིའི་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་ལ་ཕུལ་བའི་ལེགས་སྐྱེས་ཡིན་ལ།བོད་ མི་རིགས་ཀྱིས་འབད་འབུངས་བྱེད་བཞིན་པའི་དོན་གྱི་སྙིང་པོའང་ཡིན་།ཁ་བ་གངས་ཅན་ པའི་ཡུལ་དུ་མུན་ནག་གི་དུས་ངན་ལ་རྫོགས་ཚིག་བཀོད་ཅིང༌།འདི་འདྲའི་དགའ་སྤོབས་ཕྱོགས་བཞིར་ཁྱབ་ཐུབ་པའི་གོ་སྐབས་ཤིག་ལོངས་སུ་སྤྱོད་ཐུབ་པའི་ཡིད་ཆེས་སྲ་བརྟན་ཐོག་བརྩོན་འགྲུས་རྒྱུན་མཐུད་བྱེད་དགོས་སོ།། ༎