ཆད་པ་དང་ནངཆོས་ལས་སྡོམས།

ང་བཙན་བྱོལ་དུ་འབྱོར་དུས་ཆོས་གསུང་མཁན་གྱི་བླ་མ་ནི་༧རྒྱལ་བ་རིན་པོ་ཆེ་ཁོ་ན་ཙམ་རེད་ཟེར་ཆོག རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་ནི་བླ་མ་དང་དགེ་བཤེས་ཧ་ཅང་མང་ས་ཞིག་རེད། འོན་ཀྱང་ཁོང་རྣམ་པ་སུ་གཅིག་གིས་ཆོས་གསུང་གི་ཡོད་པ་མཐོང་རྒྱུ་མེད་ལ། དད་ལྡན་པས་ཆོས་ཞུ་བའི་ལུགས་སྲོལ་ཡང་མེད། སྔོན་མ་ནས་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་བྱེད་དགོས་པའི་བཀའ་སློབ་མང་པོ་གནང་མྱོང་བ་རེད། རེད་དེ། དེ་ནི་ཧ་ཅང་ཁག་པོ་ཞིག་ཡིན་པ་འདྲ། བླ་མ་གདན་ཞུ་དགོས་པས་མ་ཚད་དད་ལྡན་པ་ཡང་ཆད་པས་འདེད་དགོས། ད་ལོ་ནི་སྤྱིར་བཏང་ཞིག་ག་ལ་ཡིན། ༧རྒྱལ་བ་རིན་པོ་འདིར་ཕེབས་ཀྱི་ཡོད་པ་རེད། གཞིས་ཆགས་ཁག་གི་ལོ་འཁོར་ལས་བསྡོམས་ཞུ་དགོས་དུས་ནང་ཆོས་ངོ་སྤྲོད་ཀྱི་ལས་བསྡོམས་མེད་ན་ག་ལ་འགྲིག ཁ་སང་གཞིས་ཆགས་གསར་བ་བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་དུ་གཞིས་ལས་ཁང་གི་གོ་སྒྲིག་འོག་ནང་ཆོས་ངོ་སྤྲོད་བྱས། མི་ཚང་རེའི་མི་རེ་ངེས་པར་དུ་ཡོང་དགོས་པའི་བཀའ་ཕབ། གལ་ཏེ་གཅིག་མ་ཚང་ན་སྒོར་༡༠༠  རེའི་ཆད་པ་སྤྲོད་དགོས་པ་རེད། ངོ་མ་ང་ཚོའི་ཕ་ཡུལ་ནས་ཡོང་བའི་མི་ཞིག་ཡིན་ན་དེ་ནི་དགོད་སྤྲོ་བ་ཞིག་རེད། བོད་ནང་ཆོས་ཞུ་མི་ཆོག་པར། ཆོས་ཞུས་ན་ཆད་པ་ཡོད། བཙན་བྱོལ་ནང་ཏག་ཏག་ལྡོག་ཕྱོགས་སུ་གྱུར་ནས་ཆོས་ཞུ་སར་མ་ཡོང་ན་ཆད་པ་ཡོད་པ་རེད། ༢༠༠༨ ལོའི་ལོ་མཇུག་ཅིག་ལ་ཡང་གཞིས་ཆགས་རྙིང་པས་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ལ་དང་པོ་དགོང་མོ་གསོལ་སྟོན་ཡོད་པར་བཤད་ནས་རྕེད་མོ་བ་འདུས་ཚར་དུས་ནང་ཆོས་ངོ་སྤྲོད་སྟབས་བདེ་ཞིག་ཀྱང་བྱས་སོང་། ད་བལྟས་ན་འདི་ཡང་ལས་བསྡོམས་ཀྱི་ཆེད་ཡིན་པ་རེད། ད་ལོ་༧གོང་ས་མཆོག་འདིར་ཆིབས་བསྒྱུར་སྐབས་ནང་ཆོས་ངོ་སྤྲོད་ཀྱི་ལས་བསྡོམས་ལ་དོ་སྣང་ཡག་པོ་བྱས་ན་དེ་ནི་ལོ་ཕྱེད་ཅིག་གི་ནང་ཁོ་ནའི་ལས་བསྡོམས་ཡིན་སྲིད་ལ། ལོ་སྔོན་མ་ཚོའི་ལས་བསྡོམས་རེ་དགོས་ཚེ་མཐའ་ན་གཅིག་ཀྱང་ཡོད་ཁག་པོ་ཡིན། གང་ལྟར་འདི་གའི་གཞིས་ལས་ཁང་གི་ནང་ཆོས་ངོ་སྤྲོད་ནི་ལས་བསྡོམས་ཆེད་རེད་འདུག ཆད་པ་ནི་ཁྱེད་རང་ལ་སྡུག་གྱོང་རེད།།