ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།
དེར་བརྟེན་ཕྱི་ལོགས་ཀྱི་ན་ཚ་གཅིག་པུ་མ་ཡིན་པར་ནང་ལོགས་ཀྱི་བསམ་བློ་གཏོང་ཕྱོགས་སོགས་སྡུག་བསྔལ་གྱི་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། དེ་ཡང་སོ་སོས་ལུས་ཀྱི་བྱ་བ་བྱེད་སྟངས་གཅིག་པུ་མིན་པར་བསམ་བློ་གཏོང་ཕྱོགས་དེའང་སེམས་ཀྱི་བྱ་བ་བྱེད་སྟངས་ཤིག་རེད། དེ་འདྲ་ལ་བརྟེན་ནས་བདེ་སྡུག་དེ་དག་ཡོང་གི་ཡོད་པ་ཡིན་སྟབས། ང་ཚོས་ཀྱང་སྔོན་མའི་བྱ་བ་བཟང་ངན་ལ་བརྟེན་ནས་བདེ་སྡུག་ཡོང་གི་རེད་ཟེར་གྱི་ཡོད་རེད། དེར་བརྟེན་སྡུག་བསྔལ་མི་འབྱུང་བའི་ཆེད་དུ་བྱ་བ་ངན་པ་འགོག་དགོས་ཀྱི་རེད། བདེ་བ་ཡོང་བའི་ཆེད་དུ་བྱ་བ་བཟང་པོ་དེ་དག་སྒྲུབ་དགོས་ཀྱི་རེད། དེ་འདྲ་ལ་ཡིད་ཆེས་བྱེད་མཁན་དེ་ལ་ལས་རྒྱུ་འབྲས་ཡོད་མཁན་རེད། དེ་ལྟར་ཚོད་དཔག་བྱས་ན་འགྲིག་གི་ཡོད་རེད། རིགས་གཅིག་དཔེར་ན། ཆུང་ཆུང་སྐབས་ཡན་ལག་སྐྱོན་ཅན་དེ་དག་གི་སེམས་ལའང་ཅུང་ཙམ་མ་བདེ་བ་ཡོད་པ་དེ་དག་སྐྱེ་བ་སྔོན་མ་ལ་བརྟེན་ནས་བཤད་པ་མ་གཏོགས་ཅུང་ཙམ་དཀའ་ལས་ཁག་པོ་རེད། སྐྱེས་མ་ཐག་ནས་ཡོད་བསྡད་པ་དེ་ཚོའི་རིགས་ལ་ཏོག་ཙམ་ཁག་པོ་ཆགས་བསྡད་ཡོད་རེད། བྱས་ཙང་དེ་འདྲའི་རིགས་དེ་ལྐོག་གྱུར་ཡིན་གསུང་གི་ཡོད་རེད། སྤྱིར་བཏང་ཕྱི་ལོགས་སུ་རོབ་ཙམ་ཧ་གོ་ཡི་རེད། དཔེར་ན། ཞིང་འདེབས་སྟངས་ནས་ཧ་གོ་ཡི་རེད། འབྲས་བཏབ་ན་ནས་སྐྱེ་ཡི་མ་རེད་ལ། ནས་བཏབ་ན་འབྲས་སྐྱེ་ཡི་མ་རེད། རྒྱུ་ཡི་འགྱུར་བ་ལ་བརྟེན་ནས་ཡོང་དགོས་ཀྱི་རེད། དེ་བཞིན་ནམ་དུས་དཔྱིད་ཀ་མ་གཏོགས་དགུན་ཁར་འདེབས་ཀྱི་མ་རེད། ཕྱི་ལོགས་གནམ་གཤིས་ཚ་གྲང་གི་རྒྱུ་རྐྱེན་ལ་བརྟེན་པ་རེད། དེ་ལ་ལྷན་གཅིག་བྱེད་རྐྱེན་ཟེར་གྱི་ཡོད་རེད། དེ་དང་ཉེར་ལེན་གྱི་རྒྱུ་གཉིས་ལ་བརྟེན་ནས་འབྲས་བུ་དེ་ཡོང་དགོས་ཀྱི་ཡོད་པ་རེད། དེ་དང་ནང་ལོགས་ཀྱི་བདེ་སྡུག་དེ་དག་དང་རིགས་བསྒྲེས་ནས་གོ་བ་ལེན་ཆོག་གི་རེད། ཕྲ་ཞིང་ཕྲ་བ་དེ་དག་བཅོམ་ལྡན་འདས་རང་ཉིད་མ་གཏོགས་མཁྱེན་གྱི་མེད་གསུང་གི་ཡོད་རེད། ལས་འབྲས་ཀྱི་རིགས་ཕྲ་ཞིང་ཕྲ་བ་དེ་དག་དཀའ་ལས་ཁག་ཤོས་ཆགས་ཀྱི་ཡོད་རེད། བྱས་ཙང་བཅོམ་ལྡན་འདས་ཀྱིས་སྤྱིར་བཏང་གི་སྟོང་པ་ཉིད་ཀྱི་སྐོར་དེ་དག་ཤྭ་རིའི་བུ་ལ་སོགས་པ་ལ་དབང་ཆ་ཆ་ཚང་གནང་བ་རེད། ག་རེ་གསུང་ན་འགྲིག་གི་རེད། ལས་འབྲས་ཀྱི་རིགས་ཕྲ་ཞིང་ཕྲ་བ་དེ་དག་བཅོམ་ལྡན་འདས་གཅིག་པུས་མཁྱེན་པ་རེད། དེ་འདྲ་གསུངས་ཡོད་རེད།
དྲི་བ། སྐྱབས་འགྲོ་ཤེས་དགོས་པའི་གནད་འགག་གང་ལ་ཐུག་པ་རེད།
ལན། སྤྱིར་བཏང་ཕྱི་པ་དང་ནང་པའི་ཁྱད་པར་སྐྱབས་འགྲོས་ཕྱེ་བ་རེད་གསུངས་པ་རེད། དེར་བརྟེན་ནང་པ་སངས་རྒྱས་པ་ཞིག་ཡིན་ན་སྐྱབས་འགྲོ་དེ་གལ་ཆེན་པོ་རེད། སྐྱབས་འགྲོ་མ་ཤེས་ན་ནང་པའི་གྲས་སུ་ཚུད་ཀྱི་ཡོད་མ་རེད། སྐྱབས་འགྲོ་ལབ་དུས་འཇིག་རྟེན་བཀོད་པ་པོ་ནང་བཞིན་སངས་རྒྱས་ཕར་ཙམ་བཞག་ནས་དེ་ལ་སྐྱབས་སུ་མཆི་ཞེས་དང༌། ཆོས་ཕར་བཞག་ནས་དེ་ལ་སྐྱབས་སུ་མཆི། དགེ་འདུན་ཕར་བཞག་ནས་དེ་ལ་སྐྱབས་སུ་མཆི་ཞེས་པ་དེ་མ་རེད། སྐྱབས་འགྲོ་བྱེད་ཅེས་པ་གཙོ་བོ་ག་རེ་བྱེད་དགོས་རེད་ཟེར་ན། ཆོས་དཀོན་མཆོག་དེ་གཙོ་བོ་བྱེད་དགོས་རེད། ཆོས་དཀོན་མཆོག་དེ་ཡང་ཕྱི་ལོགས་ཀྱི་པོ་ཏི་དེ་མ་ཡིན་པར། སོ་སོའི་ངོས་ནས་མཐའ་མ་དེ་མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་སྒྲུབ་པ་དེ་ང་ཚོའི་ཆོས་དཀོན་མཆོག་དངོས་གནས་དེ་ཆགས་བསྡད་ཡོད་རེད། ང་ཚོ་སྐྱབས་མཁན་ལྟེ་བ་དེ་དེ་རེད། དེ་ལ་སྐྱབས་སུ་འགྲོ་བ། དེ་ལ་སྐྱབས་སུ་འགྲོ་བ་ཟེར་དུས། མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་དེ་ལ་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པའི་ཡིད་ཆེས་བྱས་ནས་དེ་ལག་ལེན་བྱེད་པ་དེ་ལ་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ཆགས་ཀྱི་ཡོད་རེད། ཆོས་ཞེས་ང་ཚོས་ག་རེ་བྱས་ནས་ཆོས་བྱེད་ཀྱི་ཡོད་རེད། བྱེད་རྒྱུ་མ་རག་པར་བྱེད་ཀྱི་ཡོད་མ་རེད། ཆོས་ཟེར་བ་དེ་སྡུག་བསྔལ་མེད་པ་བཟོ་བ། སོ་སོ་སྒེར་ཡིན་ན་འདྲ། སྤྱི་ཚོགས་ལ་ཡིན་ན་འདྲ། འཛམ་བུ་གླིང་སྤྱི་ལ་ཡིན་ན་འདྲ། སེམས་ཅན་ཐམས་ཅད་ཡིན་ན་འདྲ་ཆོས་ཟེར་བ་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད་ལབ་པ་ཡིན་ན། སོ་སོ་ལ་དཀའ་ངལ་ཞིག་འཕྲད། དཀའ་ངལ་དེ་མིས་སེལ་མི་ཐུབ་པ། དཔེར་ན། ཕྱི་ལོགས་ཀྱི་དངོས་པོ་དེ་དག་གིས་སེལ་མི་ཐུབ་པ་ཡིན་དུས། ནང་ལོགས་སུ་སྐྱབས་བཅོལ་དགོས་པ་ཆགས་ཀྱི་ཡོད་རེད། ཤེས་ཡོན་ལ་སྐྱབས་བཅོལ་བ་དང་གཅིག་པ་གཅིག་རྐྱང་རེད། ཤེས་ཡོན་ལ་སྐྱབས་བཅོལ་ནས་མི་ཚེའི་འགྲོ་སྟངས་དེ་བཟོ་ཡི་ཡོད་རེད། དེ་བཞིན་དགེ་བ་བཅུ་ལ་སྐྱབས་བཅོལ་ནས་དེ་ལ་ཡིད་ཆེས་དང་རེ་བ་བྱས་ནས། མི་དགེ་བ་བཅུ་སྤངས་བ་དང་དགེ་བ་བཅུ་སྒྲུབ་པ་དེ། ཆོས་དཀོན་མཆོག་གམ། སྐྱབས་དངོས་གནས་དྲང་གནས་དེ་ཡིན་སྟབས། དཀོན་མཆོག་ལ་སྐྱབས་སུ་འགྲོ་དགོས་དོན་དེ་ཆགས་བསྡད་ཡོད་རེད། དེ་གཙོ་བོ་ཡིན་སྟབས། དེ་སྟོན་མཁན་གྱི་བཅོམ་ལྡན་འདས་དེ་རྩ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ཉམས་སུ་ལེན་མཁན་གྱི་དགེ་འདུན་དེ་ཡང་རྩ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་རེད། དེ་འདྲའི་ཆ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་དགོས་རེད་མ་གཏོགས། དང་པོ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་ཕར་བཞག་དེ་ནས་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ཡོང་གི་མ་རེད། ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནང་གི་དགེ་བ་སྒྲུབ་པ་གཙོ་བོ་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་མཐའ་མ་དེ་མི་དགེ་བ་བཅུ་སྤངས་བ་དེ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་སྔོན་ལ་མི་དགེ་བ་བཅུ་སྤང་རྒྱུ་དེ་རེད། དེ་ནས་འགོ་བཙུགས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་བ་དང༌། དགེ་འདུན་ལ་སྐྱབས་སུ་མཆི་བ་དེ་རེད། སྐྱབས་འགྲོ་མེད་ན་ནང་པ་ལ་ཚུད་ཀྱི་མེད་པ་ཡིན་ཙང༌། གལ་ཆེ་ཤོས་དེ་ཆགས་བསྡད་ཡོད་རེད།
དྲི་བ། ཡིད་ཆེས་ཀྱི་དད་པ་རྐྱང་རྐྱང་གིས་སངས་རྒྱས་པའི་ནུས་པ་ཡོད་དམ།
ལན། ལས་ཀ་ག་རེ་ཡིན་ན་ཡང་ཡིད་ཆེས་དེ་གལ་ཆེ་ཤོས་དེ་རེད། ལས་ཀ་ཞིག་བྱེད་ཐུབ་པའི་ཡིད་ཆེས་ཡོད་པ་ཡིན་ན། ཤུགས་རྒྱག་ཐུབ་ཀྱི་རེད། ནང་ལོགས་ཀྱི་གདེང་ཚོད་དེ་མེད་པ་ཡིན་ན། ཕྱི་ལོགས་ཀྱི་ལས་ཀ་ཡང་ཡག་པོ་ཡོང་གི་མ་རེད། བྱ་བ་གང་འདྲ་ཞིག་ཡིན་ཡང་ཡིད་ཆེས་དེའི་ཐོག་ལ་ཡོད་དགོས་པ་གལ་ཆེན་པོ་རེད། ཡིད་ཆེས་ལ་མི་འདྲ་བ་མང་པོ་ཡོད་རེད། དཔེར་ན། དད་པ་ལ་ཁག་གསུམ་ཡོང་གི་ཡོད་རེད། དང་བའི་དད་པ། མངོན་འདོད་ཀྱི་དད་པ། ཡིད་ཆེས་ཀྱི་དད་པ་བཅས་རེད། ཡིད་ཆེས་ཀྱི་དད་པ་ཟེར་བ་དེས་དཔྱད་པ་བྱས་ནས་ཆོས་ཟེར་བ་དེ་བྱེད་དགོས་པ་ཞིག་རེད་འདུག་མི་འདུག་བརྟག་དཔྱད་བྱས། མ་བྱས་ན་སྐྱོན་ག་རེ་འདུག་བྱས་ན་དགེ་མཚན་ག་རེ་འདུག དེ་དག་ཡག་པོ་ཤེས་པ་བྱས་ནས་ཡིད་ཆེས་བྱེད་པ་ལ་ཡིད་ཆེས་ཀྱི་དད་པ་ཟེར་གྱི་ཡོད་རེད། དེ་འདྲའི་དཔྱད་པ་བྱས་ནས་དགོས་ཀྱི་འདུག་བསམ་པའི་ཡིད་ཆེས་རྙེད་པ་ཡིན་ན། དགེ་བ་བཅུ་ཐོབ་པར་འདོད་པ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་མངོན་འདོད་ཀྱི་དད་པ་དེ་ཡོང་གི་ཡོད་རེད། དང་པོ་སྐྱོན་དང་ཡོན་ཏན་གཉིས་ཤེས་པ་ཡིན་ན་དང་བའི་དད་པ་དེ་ཡོང་གི་རེད། དེ་ལྟར་དད་པ་གསུམ་གྱི་ཐོག་ནས་ཡིད་ཆེས་དེ་ཡོང་དགོས་ཀྱི་རེད། བྱ་བ་ག་རེ་ཡིན་ཡང་ཡིད་ཆེས་ཡོང་དགོས་པ་དེ་དཔེ་གལ་ཆེན་པོ་རེད། དེར་བརྟེན་ཆོས་བྱེད་པ་ལ་ཡིད་ཆེས་ཀྱི་དད་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ྋསྐྱབས་མགོན་རིན་པོ་ཆེས་གསུང་གི་འདུག་གཱ ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་ཀྱི་རེད་མ་གཏོགས། ལམ་ལུགས་སྲོལ་ལྟ་བུ། ངའི་ཕ་མ་ནང་པ་རེད། ངའི་རྒྱལ་ཁབ་ནང་པ་རེད་ཅེས་དེའི་ཐོག་ནས་ཕྱིན་པ་ཡིན་ན་ང་ཚོས་ནོར་གྱི་ཡོད་རཻད། ཡིད་ཆེས་ཡོང་བ་ལ་ཤེས་ནས་དད་པ་ཐོབ་པ། ཤེས་ནས་དད་པ་ཐོབ་པ་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། བྱ་བ་གང་ཞིག་ལ་ཡིད་ཆེས་དེ་གལ་པོ་ཆེན་པོ་ཡིན་སྟབས། སངས་རྒྱས་པ་ལ་ཡིད་ཆེས་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད།
དྲི་བ། སྐྱབས་འགྲོ་རྒྱུད་ལ་ཡོད་མཁན་གྱི་གང་ཟག་དང༌། མེད་མཁན་གྱི་གང་ཟག་གཉིས་ཀྱི་བར་ལ་དབྱེ་བ་ཕྱེ་སྟངས་ག་འདྲ་རེད།
ལན། སྐྱབས་འགྲོ་རྒྱུད་ལ་ཡོད་ཟེར་དུས་དང་པོ་སྐྱབས་འགྲོའི་ངོ་བོ་ལ། མ་མཐའ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དེ་དཀོན་མཆོག་གསུམ་ལ་ཡོད་པའི་ཡིད་ཆེས་ཡོད་པ་ཡིན་ན། དེ་ལ་སྐྱབས་འགྲོ་ཡོད་མཁན་ཟེར་གྱི་ཡོད་རེད། དེ་འདྲ་མ་ཡིན་པར་ཡིད་ཆེས་མེད་མཁན་ཞིག་ཡིན་ན་སྐྱབས་འགྲོ་མེད་པ་ཆགས་ཀྱི་རེད། ཕྱི་ལོགས་སུ་མཐོང་རྒྱུ་མེད་པ་ཡིན་སྟབས། ནང་ལོགས་སུ་གང་ཡོད་མེད་ཐོག་ནས་འཇོག་དགོས་ཀྱི་རེད། འཕྲོས་འདོན་ཐེངས་རྗེས་མར་གཟིགས།