དངུལ་སྒོར་མང་ན་དེའི་རྗེས་ལ་རྒྱུག་མཁན་མང་བའི་སྣང་ཚུལ་བྱུང༌།
དྲི་བ། ཁྱེད་རང་སློབ་གཉེར་གྱི་གོ་རིམ་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་མྱོང་ངམ།
ལན། སློབ་སྦྱོང་གི་དུས་ཚོད་ནི་གསེར་དངུལ་ལྟར་རྩ་ཆེ་བས་ཚང་མས་བློ་ཁ་ཕྱོགས་གང་ཐུབ་བྱེད་ཀྱི་ཡོད་ནའང༌། ཤེས་ཚད་ལོན་པའི་ཤེས་ཡོན་པ་ཞིག་ཆགས་རྒྱུ་ནི་དེ་བས་དཀའ་མོ་རེད།ང་རང་གི་འདོད་པ་ཁེངས་པའི་སློབ་སྦྱོང་ཞིག་བྱ་མ་ཐུབ་པ་ནི་སློབ་སྦྱོང་གི་དུས་ཚོད་དམ་འཛིན་བྱེད་མ་ཐུབ་པ་ཁོ་ན་མ་ཡིན་པར།གཙོ་བོ་སློབ་སྦྱོང་གི་ཁོར་ཡུག་ཡང་དག་ཅིག་མ་རག་པ་དང༌། འདིར་ཁོར་ཡུག་ཡང་དག་ཟེར་བ་ནི་སློབ་གྲྭའི་ཆ་རྐྱེན་བཟང་ངན་བཤད་པ་མིན།ལྷག་པར་དུ་ཚུལ་མཐུན་ཚད་ལྡན་གྱི་ཁོར་ཡུག་ཅིག་ཧ་ཅང་དཀའ་བ་རེད། དེ་ནི་རང་ཉིད་ཀྱི་འདོད་མོས་ལྟར་སློབ་སྦྱོང་གི་གོ་སྐབས་ཉུང་བ་དང་གནོན་ཤུགས་དང་ཤུགས་རྐྱེན་གཞན་གྱི་འོག་རང་གི་བསམ་བློ་དང་དམིགས་ཡུལ། མ་འོངས་མདུན་ལམ་སོགས་ལ་ཕན་པའི་སློབ་སྦྱོང་གི་ལམ་སྟོན་མེད་པ་དང་ཡང་ན་གོམ་པ་སྤོ་སའི་ལམ་ཁ་ཧ་ཅང་དོག་མོ་ཞིག་ཡིན་པའི་སྣང་ཚུལ་བྱུང༌།
དྲི་བ། བུད་མེད་ཚོས་ཕོ་མོའི་བརྩེ་བར་ལྟ་སྟངས་གང་འདྲ་ཞིག་འཛིན་དགོས་སམ།
ལན། ཕོ་མོའི་བརྩེ་དུང་ལ་ལྟ་སྟངས་གང་འདྲ་ཞིག་འཛིན་མིན་དེ་ངས་མཐའ་གཅིག་ཏུ་ཐག་བཅད་ནས་བཤད་དཀའ་མོ་རེད། མི་སོ་སོའི་བསམ་བློའི་འཁྱེར་ཕྱོགས་དང་ལྟ་བ་མི་འདྲ་བས་ཡིན། འོན་ཀྱང་ང་རང་གིས་མཐོང་ཚུལ་ལ་བོད་ནང་དུ་ཡོད་པའི་ང་ཚོ་བོད་ཀྱི་བུད་མེད་མང་ཆེ་བས་བརྩེ་དུང་གི་སྡུག་བསྔལ་ཁོག་ལ་སྦས་ཡོད་ལ། དམིགས་བསལ་སོ་སོས་བདམས་པའི་བརྩེ་དུང་ཞིག་ཐོབ་རྒྱུ་ཧ་ཅང་དཀའ། ཁོ་མོ་ཚོ་ལ་སྦྲང་རྩི་ལས་ཞིམ་པའི་བརྩེ་དུང་ཞིག་ཐོབ་མ་མྱོང་ཟེར་ནའང་འགྲིག འདི་ཕྱོགས་ལ་བསམ་བློ་བཏང་ན་དེང་གི་དུས་འདིར་དཔལ་འབྱོར་གྱིས་གནོན་ཤུགས་འོག་ཕོ་མོའི་བརྩེ་དུང་ཀྱང་ཚོང་རྫས་ལྟར། ཤར་ནས་ནུབ་དང་ལྷོ་ནས་བྱང་དུ་ཕན་ཚུན་ལ་བརྗེ་རེས་བྱེད་ཀྱི་ཡོད་པ་རེད། དེང་སང་ལྷད་མེད་པའི་བརྩེ་དུང་ཞིག་འཚོལ་དགོས་ན་རེ་གཉིས་ལས་མེད། ལྷག་པར་དུ་ཕོ་མོའི་བརྩེ་དུང་ནི་སློབ་སྦྱོང་ཡོད་མེད་དང་རྣམ་པ་ཡག་མིན། ཀུན་སྤྱོད་མཛེས་མིན་གཙོ་བོར་མི་བལྟ་བར་སུ་ལ་དངུལ་སྒོར་མང་ན་དེའི་རྗེས་ལ་རྒྱུག་མཁན་མང་བའི་སྣང་ཚུལ་ཧ་ཅང་མང༌།
དྲི་བ། བུད་མེད་ཚོའི་ཤེས་ཡོན་དང་བྱ་སྤྱོད་ཡར་རྒྱས་གང་འདྲ་གཏོང་དགོས་སམ།
ལན། ང་ཚོ་བུད་མེད་ཅིག་ཡིན་པའི་ཆ་ནས་ནམ་རྒྱུན་གྱོང་རག་གི་ཡོད་པ་རེད། དེ་ནི་ང་ཚོས་མ་འཇོན་པ་རེད་དམ། ཡང་ན་སློབ་སྦྱོང་མེད་སོང་བ་རེད། དྲི་བ་འདི་ནི་ག་དུས་ཡིན་ཡང་བོར་མི་ཉན་པའི་བསམ་བློ་གཏོང་སའི་ཁ་ཕྱོགས་ཤིག་རེད། ང་ཚོས་བྱ་སྤྱོད་ཡག་མིན་གླེང་དུས་གཙོ་བོ་མི་དེར་སློབ་སྦྱོང་ཡོད་མེད་ལ་དཔྱད་པ་གཏོང་གི་རེད། ངས་བཤད་པའི་སློབ་སྦྱོང་ནི་དབྱིན་ཡིག་དང་རྒྱ་ཡིག་གི་ཆུ་ཚད་ཙམ་མིན་པར། མི་རིགས་རང་གི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས། ཡ་རབས་སྤྱོད་བཟང་སོགས་ལ་འབྲེལ་འདྲིས་དང་སྦྱང་བརྩོན་བྱས་པ་བརྒྱུད་ནས་མི་རིགས་ལ་ཤ་ཚ་ཤེས་པ་དང་རང་ཉིད་ལ་ཤ་ཚ་ཤེས་མཁན་ལ་བཤད་པ་ཡིན། ཤེས་ཡོན་དང་བྱ་སྤྱོད་གཉིས་གཅིག་ལ་གཅིག་བརྟེན་ཡིན་པས། བྱ་སྤྱོད་བཟང་པོ་ཞིག་དགོས་ན་ཤེས་ཡོན་ཚད་ངེས་ཅན་ཞིག་ཡོད་དགོས། སྤྱིར་བཏང་བུད་མེད་ཚོའི་གནས་སྟངས་ལ་བསམ་བློ་གཏོང་དུས། སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡིན་པའི་གཏམ་བཤད་གོ་རྒྱུ་ཡོད་ནའང༌། དོན་དངོས་ཐོག་ད་དུང་བག་ཆགས་ངན་པ་དེ་སེལ་མེད་པའི་ཚོར་སྣང་བྱུང༌། ང་རང་གིས་དྲན་ཕྱོགས་ལ་བུད་མེད་ཀྱི་ཤེས་ཡོན་དང་བྱ་སྤྱོད་ཚད་ལྡན་ལོངས་བར་ང་རང་ཚོ་ཁོ་ནས་ཤུགས་རྒྱག་ཐུབ་པ་ཞིག་རེད། གཞུང་ཡིག་ཁྱབ་བསྒྲགས་བྱས་པ་ཙམ་ཡང་མ་རེད། གཙོ་བོ་སྐྱེས་པ་ཤེས་ཡོན་པ་དང་རྩོམ་པ་པོ་རྣམས་ཀྱིས་རྒྱབ་སྐྱོར་དང་ཕན་ཚུན་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་ཐུབ་པ་ཡིན་ན། བུད་མེད་ཀྱི་ཤེས་ཡོན་དང་བྱ་སྤྱོད་ལ་ཕན་ཐོགས་ཆེ་ཙམ་མི་ཡོང་ངམ་བསམ་སོང༌།།