ད་ལྟའི་ང་དང་དགའ་བོ།
འཁོར་བའི་འཚོ་ལམ་འདི་ཡི་འཕྲེང་ཐག་གིས།།
ཕན་ཚུན་གཅིག་ལ་བསྡུས་པའི་ཁྱིམ་ཚང་འདིར།།
གཅིག་སེམས་གཅིག་ལ་བརྟེན་པ་དཀའ་ན་ཡང་།།
འཚོ་བའི་དར་རྒུད་ཁྲོད་དུ་སྡུག་མཉམ་འཁུར།།
མིག་ཟུང་མཛེས་མ་མང་བོའི་རྗེས་སུ་ཕྱོགས།།
ལུས་པོ་དགའ་བོ་འདི་ཡི་མཉམ་དུ་འཚོ།།
སེམས་ཀྱི་གཏིང་སར་གནས་པའི་གསང་བ་ཞིག།
མངོན་པ་མེད་པའི་ཚུལ་གྱིས་ནང་དུ་སྤས།།
མཛེས་པའི་བྱད་གཟུགས་རྩེར་སོན་མིན་ན་ཡང་།།
སེམས་ཀྱི་འཁྱེར་སོ་བཟང་བའི་དགའ་མ་འདིས།།
རྟག་དུ་ང་རང་ཕྱོགས་སུ་སེམས་འཁྲལ་གྱིས།།
གཅེས་པའི་བུ་ཕྲུག་སྐྱོང་བའི་མ་མ་འདྲ།།
མི་ཚེ་དར་རྒུད་ཟེར་བ་བརྟན་མ་མཆིས།།
ཁ་ཐབས་འཚོ་བ་བཟང་ངན་གང་ཡིན་ཡང་།།
ཕན་ཚུན་བསམ་ཤེས་ལྡན་པའི་འཚོ་བ་འདིས།།
ལུས་ཀྱི་མགྲོན་ཁང་ནང་དུ་ངལ་གསོ་ཐོབ།།
ཕྱི་དྲོ་མཚོ་འགྲམ་ནས་༡༧།༡།༠༩བྲིས།