མི་ལོ་ལྔ་བཅུར་སྐྱབས་བཅོལ་དང་མི་ལོར་ལྔ་བཅུར་མཉམ་གནས།

    བགྲོ་གླེང་ཐོག་སྐུ་མགྲོན་གྱི་གཙོ་བོ་དྷ་ས་ས་གནས་སྤྱི་ཁྱབ་ཉེན་རྟོག་ལས་ཁང་གི་སྤྱི་ཁྱབ་པ་དང༌། གྲོང་བརྡལ་ལྷན་ཁང་གི་ཚོགས་གཞོན། འཆར་འགོད་ལྷན་ཁང་གི་དོ་དམ་པ། ཁྲིམ་ཞིབ་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་འཐུས་མི་སོགས་ཕེབས་ཡོད་པ་དང༌། བོད་པའི་ངོས་ནས་དྷ་ས་བོད་ཀྱི་ས་གནས་འགོ་འཛིན། བོད་གཞུང་གི་དྲུང་ཆེ་ཟུར་པ་འཚེ་མེད་ཞི་བའི་ལྟེ་གནས་ཁང་གི་འགན་འཛིན། གཞོན་ལྷན་གྱི་ཚོགས་གཞོན། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ། དགུ་བཅུ་གསུམ་གྱི་ཚོགས་གཙོ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད་པ་རེད།     ཉིན་དེར་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་གསུང་བཤད་གནང་རྗེས། ཚོགས་མི་རྣམས་ཀྱིས་འདས་ཟིན་པའི་མི་ལོ་༥༠ འཐབ་རྩོད་ཁྲོད་ཀྱི་དགེ་སྐྱོན་ལ་ཕྱིར་མིག་བལྟས་པ། གཉིས་པ། མི་ལོ་༥༠ རྒྱ་གར་སྤུན་ཟླ་ཚོ་དང་ལྷན་དུ་བསྡད་པའི་རིང་ལ་ཕྱོགས་གཉིས་ནས་གདོང་ལེན་བྱེད་དགོས་པ་བྱུང་བའི་རིགས་དང་གྲུབ་འབྲས་མཉམ་ཐོན་བྱུང་བ་ལ་བལྟས་པ། གསུམ་པ། མ་འོངས་པར་ཧིན་བོད་མཛའ་མཐུན་གྱི་ཕྱོགས་སུ་བསྐྱོད་པ་ལ་ཕྱོགས་གཉིས་ཀས་དོན་ཕན་ལྡན་པའི་ལས་དོན་གང་བསྒྲུབ་དགོས་ཟེར་བ་བཅས་ཐོག་བགྲོ་གླེང་གནང་ཡོད་པ་རེད། ཚང་མས་རང་རང་གི་དགོངས་ཚུལ་གསུངས་པ་དང༌། ལྷག་དོན་རྒྱ་གར་གྱི་དཔོན་རིགས་ཚོས། ྋགོང་ས་མཆོག་གི་ལམ་སྟོན་འོག་ཧིན་བོད་གཉིས་མཛའ་འབྲེལ་ཡག་པོ་དགོས་ཚུལ་དང། དེ་བཞིན་དྷ་ས་ས་གནས་ཡུལ་མི་དང་བོད་པ་གཉིས་དབར་མཚམས་རེར་འཁྲུག་འཛིང་ཤོར་བ་སོགས་ཡོང་སྲིད་ཀྱང༌། དེ་འདྲ་བ་ནང་མི་གཅིག་ཡིན་ནའང་ཡོང་སྲིད་པས་ཚང་མས་བཟོད་སྲན་ཐུབ་པ་བྱེད་དགོས་སྐོར་གསུང་མཁན་བྱུང་ཡོད་པ་རེད།