མུན་མཚམས་ཀྱི་སྐྱོ་ཉམས།
དོ་ནུབ་སྟོན་གྱི་རླུང་བུ་སིལ་སིལ་ལྡང༌།
སྙན་ཚིག་སྐྱོ་ཉམས་འཕེལ་བའི་གསོས་སུ་གྱུར།
དུས་འདིར་ཤར་རིའི་རྩེ་ནས་ཟླ་བ་དེ།
ང་ཡིས་གྲོགས་སུ་ཕེབས་དང་གཉིས་སུ་མེད།
དྭངས་གསལ་ཟླ་བར་བསྟོད་གླུ་ཡང་ཡང་འཕུལ།
ཟླ་འོད་འོག་ཏུ་ཚེ་འདིའི་སྐྱིད་སྡུག་གླེང༌།
མི་ལོ་བརྒྱ་ལ་དུས་ཚོད་ཅི་ཡོད་ཅེས།
རང་གི་རང་ལ་དྲི་བ་ལན་འགའ་དྲིས།
དེ་མ་ཐག་ཏུ་སྙན་ཚིག་གླུ་དབྱངས་ཕྱུར།
བྱ་རྒྱལ་རྒོད་པོའི་ཉམས་སྣང་བདག་ལ་འཆར།
བདུད་རྩིས་མྱོས་བཞིན་གར་སྟབས་ལང་ལོང་དུ།
སྤྲིན་རུམ་དབུས་ནས་གཤོག་འགྱུར་ནམ་འཕང་གཅོད།
བྱུང་བཞི་སྒྱུ་མའི་ལུས་པོ་སྦྲིད་འགྱུར་ཏེ།
སྐར་གྲལ་མ་ཞིག་བར་དུ་འདི་རུ་ལྷགས།
འབྱུང་འགྱུར་ལས་འདི་རྟོགས་པ་དཀའ་བས་ན།
ཅི་དགར་རོལ་བཞིན་བག་ཕེབས་གནས་པས་སོ།