ཚེ་སྲོག་ལ་རིན་ཐང་སྤྲོད་དགོས།

    ༢༠༠༨ ཟླ་༣ ཚེས་༡༠ ཉིན་ནས་བཟུང་ངེད་ཚང་གི་གཞིས་སྡོད་མི་རབས་གསར་པའི་སྙིང་སྟོབས་ཀྱི་ས་བོན་འབུས་ནས་ཁྲག་ཐིག་དང༌། ཚེ་སྲོག་གི་འགྲོ་གྲོན་བཏང་སྟེ་རྒྱ་ནག་དམར་པོའི་སྒོ་ལྕགས་དམ་པོ་ཕྱེས། མི་རིགས་དབྱེ་འབྱེད་ཀྱི་སྡུག་བསྔལ་དང༌། བོད་མིའི་དབུ་ཁྲིད་ྋགོང་ས་མཆོག་ལ་མཚན་སྨད། སྒྲོ་འདོགས་ཀྱི་བྱ་སྤྱོད་སྤེལ་བ་སེམས་གཏིང་ནས་མ་བཟོད་པར། མ་གྲོས་བསམ་པ་གཅིག་མཐུན་གྱིས་སྙིང་སྲོག་དམར་པོ་དཔང་རྟགས་སུ་བཟུང་ནས་རྒྱ་ནག་དམར་པོའི་འགོ་ཁྲིད་ཚོ་ལ་ཕུལ་བ་དང་ཆབས་ཅིག བཙན་བྱོལ་གཞུང་ལ་ཡང་བསྐྱར་ཐེངས་གཅིག་སྐྱབས་སུ་བཅོལ་བ་ཡིན་པས། ང་ཚོས་ཀྱང་ཚིག་སྟོང་སྒྲོག་པ་ཙམ་མ་ཡིན་པར། ཚེ་སྲོག་ལ་རིན་ཐང་ཞིག་སྤྲད་ནས་ཤོར་ཟིན་གྱི་དམིགས་ཡུལ་འགྲུབ་ཐུབ་པ་དང༌། ང་ཚོའི་ཆེད་དུ་བཙོན་འོག་ཏུ་ཡོད་པའི་མི་རྣམས་ཀྱི་ལུས་པོ་མནར་གཅོད་ཀྱི་སྡུག་བསྔལ། ཕ་མ་དང་བཟའ་ཟླ་ཁ་བྲལ་གྱི་སྡུག་བསྔལ། ད་དུང་སེམས་གཏིང་ན་ལྕི་བའི་བོད་མི་རིགས་ཀྱི་སྡུག་བསྔལ་འདི་དག་ང་ཚོའི་རང་སྟེང་ལ་བསམ་བློ་ཞིག་ངེས་པར་འཁོར་དགོས། ང་ཚོས་ཐབས་ལམ་འདྲ་མིན་གྱི་ཐོག་ནས་ཆིག་སྒྲིལ་གྱི་ནུས་ཤུགས་གཅིག་ཏུ་མ་བསྡུས་པར་ལྷོད་གཡེང་དང༌། བོད་རྒྱ་ཞི་མོལ་ཁོ་ན་ལ་རེ་བ་བཅོལ་ནས་དུས་འགྱང་ངང་བསྡད་ཚེ། གཞིས་སྡོད་བོད་མི་རྣམས་ཀྱི་སེམས་ཤུགས་ཆག་པའི་རྒྱུ་རྐྱེན་དུ་འགྲོ་མི་སྲིད་པ་མིན། འདས་ལོའི་བོད་ནང་ཞི་བའི་སྒེར་ལངས་ཀྱི་དོན་རྐྱེན་བྱུང་མ་ཐག་ཏུ་རང་གཞུང་ནས་ཛ་དྲག་ཚོགས་པ་བཙུགས་ནས་མྱུར་དུ་བོད་ནང་གི་བོད་མིའི་གནས་སྐབས་ཀྱི་སྡུག་བསྔལ་དང༌། བཙོན་པ་གློད་གྲོལ་གཏོང་དགོས་པའི་སྐད་འབོད་མ་ཎི་འདོན་པ་བཞིན་བྱས་ཀྱང་ཕན་འབྲས་བྱུང་མེད། ད་དུང་ང་ཚོས་ཤེས་དགོས་པ་ཞིག་ལ་ཉམ་ཐག་གཞིས་སྡོད་བོད་མི་རྣམས་ཀྱི་རང་སྲོག་ཤོར་བའི་འབྱུང་རྐྱེན་ལ་བརྟེན་ནས། རྒྱལ་སྤྱིའི་གནོན་ཤུགས་ཀྱི་ཁ་ཕྱོགས་རྒྱ་ནག་ལ་གཏད་བཞིན་པའི་སྐབས་སུ། རྒྱ་དམར་གྱི་གཡོ་སྒྱུའི་འོག་ཚུད་ནས་བོད་རྒྱ་ཞི་མོལ་ཐེངས་གཉིས་བྱས་པ་དེ་མེ་ནང་དུ་ཆུ་བླུགས་པ་ལྟར་རྒྱལ་སྤྱིའི་གནོན་ཤུགས་ཀྱི་ནུས་པ་བཅོམ་པའི་རྒྱུ་རྐྱེན་ལ་སོང་ཡོད་པ་ལས། བོད་མིའི་གནས་སྐབས་ཀྱི་སྡུག་བསྔལ་ཞི་བ་ལ་ཕན་ཐོགས་བྱུང་མེད། དོན་དངོས་སུ་ཐུག་འཕྲད་དེ་གཉིས་ལ་བརྟེན་ནས་བོད་ཞི་བའི་ངོ་རྒོལ་ཞི་འཇགས་སུ་གྱུར་པ་དང༌། རྒྱལ་སྤྱིའི་གནོན་ཤུགས་ནུས་མེད་དུ་གྱུར་ནས། ཨོ་ལིམ་པིག་རྩེད་འགྲན་རྒྱལ་ཁའི་ངང་འཚོགས་ཐུབ་པ་སོགས་རྒྱ་ནག་ལ་ཕན་ཐོགས་ཆེན་པོ་བྱུང་བའི་ཁར། བོད་དོན་ཐག་གཅོད་ཕྱིར་འགྱངས་དང༌། བོད་ནང་གི་བཙོན་འཇུག་མནར་གཅོད་མྱོང་བཞིན་པའི་བོད་མི་གཅིག་ཙམ་ཡང་གློད་བཀྲོལ་གཏོང་ཐུབ་མེད་ལ་ནུས་པ་ཅུང་ཟད་ཀྱང་ཐོན་མེད། འདི་ཆབ་སྲིད་ཀྱི་ཐོག་བཤད་ན་རྒྱ་ནག་གི་གཡོ་འོག་ཚུད་པའི་གྱོང་གུད་དང་ནོར་འཁྲུལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཆོག
    རྒྱ་ནག་གི་རྩེད་འགྲན་རྫོགས་པ་དང༌། དུས་མཉམ་དུ་བོད་གཞུང་སྒེར་གྱི་ལས་འགན་ནམ་མཁའི་འཇའ་ཡལ་བ་ལྟར་གྱུར་པ་དང༌། སྔར་ལས་ལྷག་པའི་གཞིས་སྡོད་བོད་མི་ལ་ལོ་བཅུ་ཕྲག་དང་ཚེ་བཙོན་གྱི་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་བོད་ཀྱི་རིག་གཞུང་རྒྱུན་འཛིན་གྱི་ལྟེ་བ་སློབ་གྲྭ་ཁག་ལ་ལས་འགུལ་འདྲ་མིན་སྤེལ་ནས་སློབ་གྲྭ་ཉུང་དུ་བཏང་བ་དང༌། སློབ་ཆུང་འཛིན་གྲྭ་གསུམ་པ་བར་མ་གཏོགས་བོད་ཡིག་སློབ་མི་ཆོག་པ་བྱས། དེའི་དམིགས་ཡུལ་ནི་བོད་མི་རིགས་རྩ་མེད་དུ་གཏོང་རྒྱུའི་འཆར་གཞི་གཏན་ཁེལ་ཡོད་པ་ནི། ང་ཚོའི་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་མ་གསན་པ་ཡིན་ནམ། ཡང་བསྐྱར་མི་ལོ་ལྔ་བཅུར་གཉིད་ལ་ཤོར་རྒྱུ་ཡིན་ནམ། ྋགོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང༌། གཞིས་སྡོད་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས། འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་དང་ང་ཚོའི་ཆེད་དུ་ཚེ་སྲོག་བཏང་བའི་ཚེ་སྲོག་ལ་བདག་པོ་བརྒྱབ་ནས་ང་ཚོའི་ཁ་ཕྱོགས་ཀྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དམར་གཞུང་ལ་གནོན་ཤུགས་སྤྲོད་རྒྱུར་སྐྲག་དགོས་དོན་ཅི་ཡོད། རྒྱལ་སྤྱིའི་གནས་བབ་དང་བོད་ཀྱི་ཛ་དྲག་གནས་བབ་ལ་བལྟས་ནས་འཚོགས་པའི་བོད་རྒྱལ་ཡོངས་ཚོགས་ཆེན་གྱི་སྐབས་སུ་ཡང་དབུ་མའི་ལམ་དང༌། རང་བཙན་གྱི་ལྟ་བ་འཛིན་དགོས་ཞེས་པ་ཙམ་ལས་དེ་གཉིས་གང་རུང་གི་ལྟ་བའི་སྒྲུབ་ཕྱོགས་ཐད་ལ་གཏན་ཁེལ་གྱི་ཐབས་ལམ་སྟོན་རྒྱུ་མེད་པ་མ་ཟད། འབྱུང་འགྱུར་ལས་འགན་ཡང་སྙན་མོ་ཚིག་གིས་བརྒྱན་ནས་ྋགོང་ས་མཆོག་ལ་གསོལ་བ་བཏབ་པ་ནི། དོན་ལ་ཁྱེད་ཀྱིས་ལས་དོན་ཁྱེད་ཀྱིས་སྒྲུབ། ཁྱེད་ཀྱི་ལམ་སྟོན་ཁྱེད་ཀྱིས་སྒྲུབ་ཅེས་འགན་ཡོངས་རྫོགས་ྋགོང་ས་མཆོག་ཉིད་ལ་གཡོགས་ནས་ཡང་བསྐྱར་གཉིད་ལ་ཤོར་རྒྱུ་ཡིན་པ་ཤེས་ཐུབ། དབུ་མའི་ལམ་གྱི་ཐབས་ལམ་ནི་བོད་རྒྱ་ཞི་མོལ་ཁོ་ན་ལས་མེད་པ་ཡིན་ནམ། ཡོད་ཀྱང་བོད་མི་མང་གིས་བསྒྲུབ་ན་མི་འགྲིག་པ་ཞིག་ཡིན། ཡང་ན་མི་མང་གིས་བསྒྲུབ་མི་ཐུབ་པ་ཞིག་ཡིན། ྋགོང་ས་མཆོག་གིས་བོད་མི་མང་གིས་བསྒྲུབ་མི་ཐུབ་པའི་ལམ་སྟོན་ཞིག་ནམ་ཡང་གནང་མི་སྲིད། གང་ལྟར་བྱུང་རིམ་གྱི་ལོ་རྒྱུས་ལ་ཕྱི་བལྟས་ཤིག་བྱེད་དུས་དབུ་མའི་ལམ་གྱི་ཐབས་ལམ་ལ་ྋགོང་ས་མཆོག་ཁོ་ནས་འབད་བརྩོན་བྱས་པ་མ་གཏོགས་མི་མང་གི་ངོས་ནས་དབུ་མའི་ལམ་གྱི་ཐབས་ལམ་འདི་བརྒྱུད་ནས་རྒྱ་ནག་ལ་གནོན་ཤུགས་ཅི་ཡང་སྤྲད་མེད་པ་ནི་ཡ་མཚན་པོ་ཞིག་རེད་འདུག ཐ་ན་བཙན་བྱོལ་གཞུང་གིས་བོད་མི་ཡོངས་ལ་ཡང་དབུ་མའི་ལམ་གྱི་ངོ་བོ་དང་དགེ་མཚན་ཁྱབ་བསྒྲགས་བྱེད་ཐུབ་མེད་པ་མ་ཟད། གཞིས་སྡོད་བོད་མི་ཡོངས་ལ་ལྟ་ཅི་སྨྲོས། འབྱུང་འགྱུར་ཡང་ལས་དོན་ཐམས་ཅད་ྋགོང་ས་མཆོག་ལ་གཡོགས་ནས། ཁ་ནས་དབུ་མའི་ལམ་བཤད། རང་ཉིད་ཀྱི་ལས་ཀ་དམིགས་ཡུལ་གཙོ་བོ་བྱས་བསྡད་ཚེ་དབུ་མའི་ལམ་གྱི་དགེ་མཚན་ནི་རྒྱང་ཐག་རིང་དུ་འགྲོ་རྒྱུ་ལས་འོས་མེད། དེ་ལྟར་མ་ཡིན་པར་རྒྱ་ནག་གི་གཡོ་སྒྱུ་ལ་གཟབ་ནས་ཐབས་ལམ་ཞིག་ཡོད་ཚེ་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་འགོ་ཁྲིད་ནས་གཞིས་སྡོད་བོད་མི་རྣམས་བཙན་འོག་ནས་ཐར་ཐབས་བྱེད་རྒྱུ་ལས་དུས་མ་འདའ་རོགས། ཕྱིའི་རྒྱལ་ཁབ་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བ་རྣམས་ཀྱིས་སྲིད་འཛིན་དེ་འོས་བསྡུའི་ལམ་ནས་འགྲོ་དགོས་པ་གང་ཞིག་ལ་སྙིང་སྟོབས་དང་ཤེས་ཡོན་གྱིས་ཕྱུག་པ་རྣམས་ཀྱིས་མི་མང་གི་དཀའ་ངལ་ཁྱད་བསད་དང༌། ལས་དོན་སྒྲུབ་ཕྱོགས་སྤྱི་འབངས་ལ་བསྒྲགས་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་འགྲན་རྩོད་བྱེད་པའི་རྣམ་པ་འདི་སོ་སོའི་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་པ་ལ་སྙིང་སྟོབས་དང་སྤོབས་པ་ཡོད་པའི་མཚོན་རྟགས་ཤིག་རེད་སྙམ། མཐའ་དོན་ང་ཚོའི་སྤྱི་ཚོགས་ནང་ལ་ཡང་ལས་དོན་སྒྲུབ་ཕྱོགས་ཐད་འཆར་འགོད་བྱས་ནས་བཀའ་བློན་གྱི་འོས་གཞིའི་འགྲན་རྩོད་ལ་ཞུགས་ཐུབ་པའི་ཤེས་ཡོན་དང་ལྷག་བསམ། སྙིང་སྟོབས་ཀྱིས་ཕྱུག་པའི་དར་མ་ཞིག་ཡོང་བ་ལ་རེ་སྒུག་བྱས་ཡོད་ལ། དེ་ལྟར་བྱ་དགོས་པའང་ང་ཚོའི་ལས་འགན་བྱོལ་དུ་མེད་པ་ཞིག་ཡིན་ནོ།།