གླིང་འབུད་སྦྲུལ་གྱི་འཁྲབ་སྟོན་ཁྲིམས་འགལ་རེད་ཟེར།
སྤྱིར་བཏང་སྦྲུལ་གྱི་འཁྲབ་སྟོན་འདི་ཧིན་དྷུ་ཆོས་ལུགས་པར་དར་སྲོལ་ཆེ་བ་དང༌། སྦྲུལ་འཛིན་པའི་གདམ་ངག་ཀྱང་ཕ་མེས་ནས་མར་བརྒྱུད་ནས་ཡོང་དགོས་པ་ཞིག་ཡིན་པས། སྦྲུལ་འཁྲབ་སྟོན་ཚོགས་ཆུང་གི་འགན་འཛིན་རཀ་ཊིམ་ཟེར་བས། སྲོལ་རྒྱུན་གྱི་འཁྲབ་སྟོན་འདི་རྒྱ་གར་དབུས་གཞུང་གིས་ཁྲིམས་མཐུན་བཟོ་འོས་པ་དང་བཟོ་དགོས་ངེས་ཤིག་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཉེས་དུས་རྒྱ་གར་ཤར་ཁུལ་ནས་འགོ་བཙུགས་ཏེ་ཀ་ལི་ཀ་ཏ་སོགས་སུ། གཞུང་གིས་འཁྲབ་སྟོན་འདི་ཁྲིམས་འགལ་གྱི་འཚོ་གཉེར་ཡིན་པ་དྲིལ་བསྒྲགས་བྱས་པ་དང༌། སྦྲུལ་པ་མི་གྲངས་ ༡༠༠༠ བརྒལ་བས་སྦྲུལ་དང་གླིང་བུ་ཁྱེར་ཏེ་གྲོང་ཁྱེར་ཀ་ལི་ཀ་ཏར་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ཉེས་རྟོག་པ་ཡོང་ནས་སྦྲུལ་དང་འཁྲབ་སྟོན་གྱི་ཡོ་ཆས་རྣམས་ཕྲོགས་ཏེ་མང་པོ་ཞིག་ལས་མེད་ཆགས་ཡོད་འདུག འཁྲབ་སྟོན་པ་ཚོས་སྦྲུལ་དང་ཡོ་ཆས་སོགས་འཕྲོག་པར་གུན་གསབ་རག་རྒྱུའི་རེ་བ་བྱེད་བཞིན་ཡོད་ཀྱང་ད་ལྟའི་བར་གང་ཡང་རག་མེད་པ་རེད། ངོ་རྒོལ་བ་ཚོས་གཞུང་གི་ཁྲིམས་བསྒྲགས་འདི་ནི་ང་ཚོའི་འཚོ་གནས་དང་མི་ཚེའི་འདུན་ལམ་ལ་འཇིགས་སྐུལ་བྱས་པ་ཞིག་ཡིན་ཚུལ་དང༌། འཚོ་གནས་དང་རང་ཁ་རང་གསོ་བྱེད་པའི་ཐབས་ལམ་ནི་འཁྲབ་སྟོན་འདི་ཁོ་ན་ཡིན་པས། ང་ཚོར་འཁྲབ་སྟོན་གྱི་ཐོབ་ཐང་ངེས་པར་དུ་དགོས་ཀྱི་ཡོད་སྐོར་སོགས་སྐད་འབོད་བྱས་ཡོད་པ་རེད།
ཕྱི་ལོ་ ༡༩༩༡ ལོར་སྦྲུལ་མགོ་ལེབ་ཟེར་བ་དུག་ཁ་ཅན་གྱི་སྦྲུལ་རིགས་ཀྱི་འཁྲབ་སྟོན་ཐེངས་ཤིག་བཀག་བསྡོམས་བྱེད་མྱོང་ཡང༌། དེང་སྐབས་སྦྲུལ་མགོ་ལེབ་ཀྱི་འཁྲབ་སྟོན་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་རེད། སྦྲུལ་འཁྲབ་སྟོན་གྱིས་འཚོ་བ་སྐྱེལ་མཁན་ཚོས་སྦྲུལ་གྱིས་མི་ལ་གནོད་སྐྱེལ་གྱི་མེད་ཚུལ་དང༌། ད་དུང་སྦྲུལ་ནད་ཀྱིས་ཟིན་པའི་རིགས་སྨན་བཅོས་དང་སྨན་རིགས་སོགས་མཁོ་སྤྲོད་བྱེད་པར་ཁོ་ཚོ་རྒྱུས་མངའ་ཆེ་ཚུལ་ཡང་བཤད་ཡོད་པའི་གནས་ཚུལ་ཐོན་པ་རེད།།