ཡིད་སྐྱོ་བ་དང་ངོ་མཚར་བའི་གནས་ཚུལ།

    དམ་པ་ཁོང་ནི་ཕྱི་ལོ་༡༩༦༣ ལོར་དབྱིན་ཇིའི་ལུང་པ་རུ་ྋགོང་ས་མཆོག་གི་བཀའ་འབྲེལ་བཞིན་ཕེབས་ནས་བོད་པའི་ཕྲུ་གུ་༢༢ ལ་བོད་ཡིག་དང་ཆོས་དགེ་གཅིག་ལྕོགས་གནང་སྟེ་དབྱིན་ལན་བོད་ཁང་དུ་བཞུགས་ནས་ཕྱག་ལས་གནང་ཡོད་པ་དང༌། སློབ་མ་རྣམས་མཐོ་སློབ་སོགས་སུ་བསྐྱོད་ཟིན་པའི་སྐབས་༡༩༧༦ ལོར་ྋགོང་ས་མཆོག་གིས་བཀའ་ཡིས་གནང་བ་ཐོབ་པ་བཞིན་ཨ་རིར་ཕེབས་ནས་ཨ་རིའི་མཐོ་རིམ་སློབ་གྲྭ་སན་ཊར་ཕའོ་ཝལ་དང༌། ཁོང་གི་ད་ལྟའི་བཞུགས་གནས་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇི་ལིས་སི་རུ་ཡོད་པའི་མཐོ་སློབ་ཅིག་ལ་བདུན་ཕྲག་རེར་ཐེངས་གཅིག་རེ་ནང་ཆོས་ངོ་སྤྲོད་དང༌། རེ་ཟུང་ཞིག་ལ་སུམ་རྟགས་སློབ་ཁྲིད་གནང༌། ཞོར་དུ་ནང་ཆོས་སློབ་ཁྲིད་བྱས་ནས་སློབ་ཕྲུག་མང་པོ་འདུས་པ་དང༌། སློབ་མ་ཚོས་འབོད་སྐུལ་ཞུས་པ་བཞིན། ཆོས་ཚོགས་ཤིག་བཙུགས་ནས་ཆོས་ཚོགས་ཀྱི་མཚན་ལ་ྋགོང་ས་མཆོག་གིས་ཐུབ་བསྟན་དར་རྒྱས་གླིང་ཞེས་གནང་བ་དང༌། དེ་ནས་བཟུང་ད་བར་ནུབ་ཕྱོགས་པ་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་བ་མ་ཟད། ཆོས་ཚོགས་དེར་ྋགོང་ས་མཆོག་སྔ་ཕྱིར་ཐེངས་ལྔ་དྲུག་ཅིག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་འདུག དམ་པ་ཁོང་གིས་ཆོས་ཕྱོགས་ཀྱི་ཕྱག་ལས་གནང་བ་ཙམ་མ་ཡིན་པར། ཛ་དྲག་གཉན་འཕྲང་གི་སྐབས་སུ་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་རྒྱ་ཆེ་གནང་བ་ཁག་ཅིག་ངོ་སྤྲོད་ཞུས་ན། ༡༩༩༡ ནས་ཤེས་རིག་ལས་ཁུངས་བརྒྱུད་བོད་ཕྲུག་༡༠ ལ་སློབ་ཡོན་གནང་བཞིན་པ་དང༌། ༡༩༩༣ ལོ་ནས་ཆོས་དོན་ལས་ཁུངས་བརྒྱུད་ནས་བོད་ནས་གསར་དུ་འབྱོར་བའི་གྲྭ་བཙུན་༣༠ དང༌། དེའི་རྗེས་སུ་༥ བསྣན་ནས་༣༥ ལ་རོགས་རམ་གནང་བཞིན་ཡོད་འདུག དེ་བཞིན་ཁོང་གིས་རོགས་རམ་གནང་ནས་ས་རཱ་སློབ་གྲྭ་རུ་སྔ་ཕྱིར་དགེ་རྒན་འོས་སྦྱོང་ཐེངས་མང་གནང་ཡོད་པ་དང༌། ཐེངས་རེ་རེ་ལ་སློབ་མ་༢༥ ནས་༣༠ བར་ཡོད་པ་རེད། གཞུང་ཞབས་འདེམས་ལྷན་ནས་འབོད་སྐུལ་གནང་དོན་བཞིན་ལོ་གཅིག་ལ་ལས་བྱེད་འོས་སྦྱོང་པ་མི་༣༠ ལ་མཐུན་རྐྱེན་གནང་བ་མ་ཟད། ཤེས་རིག་གིས་འབོད་སྐུལ་གནང་བ་བཞིན་གཞིས་ཆགས་ཁག་ཏུ་ཟློས་གར་གྱི་དགེ་རྒན་རྣམས་ལ་ཟླ་བ་གཉིས་ཀྱི་འོས་སྦྱོང་ཞིག་གི་འགྲོ་སོང་ཡང་གནང་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རྒན་གསོ་ཁང་དུ་རྒན་རྒོན་༧༦ དང་ལྟ་སྐྱོང་བྱེད་མཁན་༥ བཅས་མི་༨༡ ལ་ཕལ་ཆེར་ཕྱི་ལོ་༢༠༠༠ ཙམ་ནས་རོགས་རམ་གནང་བཞིན་པ་དང༌། དེ་བཞིན་མོན་གྷོ་གཞིས་གྲོང་དྲུག་པའི་སློབ་གྲྭར་སློབ་མ་བཞི་བརྒྱ་ལ་ཉེ་བ་ཞིག་ལ་ཚོགས་ཁང་མེད་པར་བརྟེན། ཁོང་གིས་རོགས་རམ་འོག་ཚོགས་ཁང་གསར་རྒྱག་དང༌། སློབ་གྲྭ་ཆུང་བ་ཞིག་ལའང་དེ་བཞིན་འབོད་སྐུལ་ཞུས་པ་བཞིན་རོགས་རམ་གནང་ཡོད་འདུག ཤར་རྩེ་གྲྭ་ཚང་དུ་བླ་རྒན་ཧ་ཅང་བགྲེས་སོང་ཆབ་སངས་གནང་ནས་ཡར་བཞེངས་མི་ཐུབ་མཁན་མང་པོ་ཡོད་པས། དེ་དག་གི་ཆེད་དུ་ཤག་༢༨ དང་གསང་སྤྱོད་དེ་ཕྱི་རྒྱལ་ནང་བཞིན་ཡོད་པ་ཞིག་ཀྱང་ཁོང་གིས་རོགས་རམ་འོག་བརྒྱབ་ཡོད་པ་དང༌། ཧོང་སུར་སློབ་གྲྭའི་ཉིན་གོང་གི་བཞེས་ལག་ཡར་རྒྱས་ཡོང་ཆེད་དུ་ལོ་ལྟར་ཧིན་སྒོར་ཁྲི་བཞི་རེ་ཡང་འབུལ་བཞིན་ཡོད་པ་རེད།

    བོད་པ་ཙམ་དུ་མ་ཟད་མོན་གྷོ་གཞིས་ཆགས་ཀྱི་ཉེ་འགྲམ་རྒྱ་གར་སློབ་གྲྭ་ཞིག་གི་ཁང་པའི་ཐོག་རྡིབ་ཞིག་ཏུ་སོང་བས་ཁོང་གིས་རོགས་རམ་འོག་ཐོག་བཀབ་པ་དང༌། ས་གནས་དེའི་རྒྱ་གར་མིག་ལོང་བའི་སློབ་གྲྭ་ཞིག་གིས་འབོད་སྐུལ་གནང་དོན་བཞིན། བུ་དང་བུ་མོའི་ཉལ་ཁང་གཉིས་ལོགས་སུ་བརྒྱབ་པ་སོགས་རོགས་རམ་གྱི་རྣམ་གྲངས་ཧ་ཅང་མང་པོ་ཞིག་གནང་དང་གནང་བཞིན་ཡོད་པ་བཅས་ཁོང་གིས་སྐུ་ཚེ་གང་ལ་བོད་རྒྱལ་བསྟན་མི་རིགས་ཀྱི་ཆེད་དུ་ཕྱག་ལས་རླབས་ཆེན་འབའ་ཞིག་གནང་ཡོད་པ་རེད།།
ཁོང་གི་ལོ་རྒྱུས་མདོར་བསྡུས་འདི་ཉིད་༢༠༠༧ ལོར་འདི་ག་གསར་ཁང་ལ་ཁོང་གིས་བཅར་འདྲིའི་གོ་སྐབས་གནང་བ་ལས་བཏུས།

འདྲ་པར་འདི། ཨ་རིའི་གྲོང་ཁྱེར་ལོ་སུ་ཨན་ཅི་ལས་སི་རུ་ཡོད་པའི་ཁོང་གི་ཆོས་ཚོགས་ཐུབ་བསྟན་དར་རྒྱས་གླིང༌།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||