བོད་ཡིག་ཡར་རྒྱས་ཀྱི་འགོག་རྐྱེན།

    དེ་བཞིན་བོད་ཡིག་ཡག་པོ་ཤེས་ཟེར་མཁན་དང་བོད་ཡིག་བེད་སྤྱོད་ཆེ་རུ་གཏོང་དགོས་པ་དང༌། བོད་ཡིག་མི་ཤེས་མཁན་གྱི་མཁས་པ་དག་ཀྱང་བོད་པ་མཚན་ཉིད་ཚང་བ་ཞིག་མ་རེད་ཅེས་ཡིག་ངག་གཉིས་ཐོག་ནས་བརྗོད་མཁན་རྣམས་ཀྱིས་ཀྱང༌། རྩོམ་ཡིག་འབྲི་བ་དང་རྩོམ་དེབ་པར་སྐྲུན་བྱས་པ་ཁག་ལ་བལྟས་པའི་ཚེ་དེབ་དེ་དག་ཀློག་མཁན་གྱི་ཆེད་དུ་བྲིས་པ་ཞིག་མ་ཡིན་པར་རང་ཉིད་ཁོ་ནའམ། ཡང་ན་རང་དང་ཤེས་ཚད་མཉམ་པ་ཁག་ཅིག་ལས་གོ་མཁན་མེད་པ་འབའ་ཞིག་བྲིས་ནས། བོད་ཡིག་གི་ཆུ་ཚད་ཞན་ཡང་བོད་ཡིག་ལ་དོ་སྣང་ཡོད་མཁན་དག་གིས་རྩོམ་ཡིག་དང་རྩོམ་དེབ་དེ་དག་བཀླགས་པའི་སྐབས་གོ་དོན་རྙེད་དཀའ་བས་བོད་ཡིག་མཁྲེགས་པོ་ཡིན་པའི་ལྟ་ཚུལ་ཞིག་སྤྱི་ཚོགས་ནང་རང་བཞིན་གྱིས་འབྱུང་བཞིན་ཡོད་པ་དང༌། བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་པ་རེད། ཁག་ཅིག་གིས་གསལ་བསྒྲགས་ཤིག་བྲིས་ཀྱང་སྙན་ངག་ཟེར་བ་དེ་ཡིན་མིན་ཇི་ལྟར་ཡང་ཚིག་མཁྲེགས་པོ་རྐྱང་པ་བེད་སྤྱོད་བྱས་ནས་བྲིས་ཏེ། རང་ཉིད་ལ་ར་བཟི་བ་ལྟ་བུའི་ཚོར་སྣང་ཞིག་ཡོང་གི་ཡོད་པ་འདྲ་ཡང༌། གསལ་བསྒྲགས་དེ་མང་ཆེ་བས་མི་གོ་བས་སྐད་ཡིག་ཡར་རྒྱས་ལ་ཕན་ལས་གནོད་དུ་འགྱུར་བཞིན་ཡོད་པ་དང༌། འདི་ལྟ་བུའི་གནས་སྟངས་འོག་ནས་རྩོམ་ཡིག་འབྲི་མཁན་ལས་རྩོམ་ཡིག་ཀློག་མཁན་ཉུང་བའི་དཀའ་ངལ་འདི་འཕྲད་བཞིན་ཡོད། མ་འོངས་པར་རྩོམ་ཡིག་འབྲི་མཁན་དག་གིས་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་ཐུན་མོང་མ་ཡིན་པ་རྣམས་དོར་ནས། གང་ཐུབ་ཐུབ་ཀྱིས་ཁ་གསལ་ཞིང་གོ་བདེ་བ་ཞིག་བྲིས་ན། མཁས་པ་མ་ཡིན་པའི་མིང་ཤས་འབྱུང་མི་སྲིད་པ་རྫ་དཔལ་སྤྲུལ་དང༌། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཁག་ལ་བལྟས་ན་ཤེས་ཐུབ། དེར་བརྟེན་ད་ལྟའི་ཆར་བོད་ཡིག་ལ་དོ་སྣང་མེད་མཁན་དག་གིས་བོད་ཡིག་ཡར་རྒྱས་ལ་འགོག་རྐྱེན་བཟོས་ཡོད་པ་སྨོས་མེད་ཡིན་པ་ཙམ་དུ་མ་ཟད། བོད་ཡིག་ཤེས་མཁན་རྣམས་ཀྱིས་ཀྱང་རང་ཉིད་ཁོ་ན་ལས་ཀློག་མཁན་ལ་བསམ་བློ་མ་བཏང་བར་ཚིག་མཁྲེགས་པོ་འབའ་ཞིག་དང༌། སྐད་ཆའི་གོ་རིམ་གྱི་ཐོག་ནས་གཞན་གྱིས་བཤད་སྟངས་དང་མི་འདྲ་བ་ཞིག་འབྲི་བར་ཐབས་ཤེས་བྱས་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བར་ལྡོག་ཕྱོགས་ནས་ཤུགས་རྐྱེན་ངན་པ་སྤྲོད་བཞིན་ཡོད། བོད་ཡིག་ཡར་རྒྱས་སུ་གཏོང་བར་ཕན་ནུས་ཆེ་ཤོས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་བེད་སྤྱོད་ཀྱི་ཁོར་ཡུག་ཆེ་རུ་གཏོང་དགོས་ལ། ཆུང་ས་ནས་ཟ་ཁང་གི་ཟས་རིགས་ཀྱི་མིང་ཡང་བོད་པ་ནང་ཁུལ་དུ་བོད་ཡིག་གི་ཐོག་ནས་འབྲི་ཐུབ་པ་ཞིག་དང༌། ཆེ་ས་ནས་འཕྲུལ་ཆས་ལས་རིགས་ཀྱི་ནང་དུའང་བོད་ཡིག་བེད་སྤྱོད་བྱེད་ཐུབ་པ་ཞིག་བྱུང་ན་ད་གཟོད་བོད་ཡིག་ལ་བརྟེན་ནས་ཤེས་བྱའི་གནམ་འཕངས་གཅོད་ཐུབ་པ་ལས། ད་ལྟའི་ཆར་བོད་ཡིག་ཕྱུག་པོ་ཡིན་ཚུལ་རྐྱང་པ་ཇི་ལྟར་གླེང་ཡང་ཡར་རྒྱས་སུ་འགྲོ་བར་ཕན་ཐོགས་གང་ཡང་མེད།།