ཞི་མོལ་གྲུབ་འབྲས་དགོས་ན་ལས་འགུལ་མཚམས་འཇོག་མི་ཉན།

    དེས་ན་ལོ་ཟླའི་འཁོར་འགྲོས་དང་བསྟུན་ཏེ་རེ་བ་ཆེན་པོ་ཞིག་རྒྱག་བཞིན་མི་ལོ་བཅུ་ཕྲག་ལྔ་ལྷག་འདས་པའི་ང་ཚོའི་འཐབ་རྩོད་འདི་ཡང་སྔར་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམ་པས་ཧོལ་རྒྱུག་གིས་བསམ་བློའི་ཐོག་ནས་དཔེར་ན་བོད་ཀྱི་འཐབ་རྩོད་འདི་ྋགོང་ས་མཆོག་གི་སྐུ་ཚེའི་རིང་གི་གནད་དོན་ཞིག་ཏུ་ངོས་འཛིན་གྱིས་ཚོད་དཔག་མི་ཉུང་བ་ཞིག་ལས་རྨི་ལམ་སྐྱིད་པོ་ཞིག་རྨིས་མྱོང་ཡོད་ཀྱང༌། ད་ཆ་ཏཱ་ལའི་རྗེས་འབྲངས་པ་འགའ་ཤས་ལས་ཟེར་བ་ཙམ་མ་ཡིན་པར་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་ལངས་ཕྱོགས་གཅིག་དང་དམིགས་ཡུལ་གཅིག་གི་ཐོག་གཅེས་པའི་ཚེ་སྲོག་ཀྱང་བློས་གཏོང་ཕོད་པའི་འགྱུར་མེད་ཆོད་སེམས་དང༌། ཞུམ་པ་མེད་པའི་སྙིང་སྟོབས་བཅས་ཀྱིས་གོ་ཆ་བརྟན་པོས་གཞི་རྒྱ་ཆེ་ལ་བར་མི་ཆད་པའི་ལས་འགུལ་དེ་དག་ལས་གུང་ཁྲན་ཏང་གི་གཙོ་འཛིན་རྣམས་ཀྱི་བསམ་བློར་འཁོར་བཞིན་པའི་རྨི་ལམ་དེ་དག་མངོན་དུ་འགྱུར་ཐབས་མེད་པ་ཞིག་དང༌། ད་བར་བོད་རིགས་མི་མང་ལ་མཐོང་ཆུང་གིས་བསམ་སྦྱོར་ངན་པའི་འོག་གནད་དོན་ལ་གཏིང་ཟབ་ཀྱིས་བསམ་གཞིག་མ་བྱས་པར་ཧོལ་རྒྱུག་གིས་རྒྱ་མི་རིགས་བདེ་ཐབས་དང་བོད་མི་རིགས་རྩ་གཏོར་གྱིས་སྲིད་ཇུས་ནོར་འཁྲུལ་གྱི་རང་བཞིན་ཞིག་ཏུ་ངེས་ཤེས་གསལ་བོར་བརྙེད་ཡོད་པ་དང༌། ཆབས་ཅིག་བོད་ཀྱི་གནད་དོན་འདི་དེ་མུར་བཞག་ན་མི་འགྲིག་པའི་དངངས་བསྐྲགས་ཤིག་ཀྱང་བསླངས་ཡོད། དེར་བརྟེན་རྒྱལ་སྤྱིའི་སྲིད་དོན་པ་མི་ཉུང་བ་ཞིག་གིས་ཞི་མོལ་ཐེངས་བདུན་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་ཡོངས་སུ་སེལ་ཐུབ་པར་དཀའ་ཡང༌། སྔར་བཞིན་རྒྱལ་སྤྱིའི་གནོན་ཤུགས་ལས་གཡོལ་ཐབས་ཁོ་ནའི་ཆེད་མ་ཡིན་པར་ད་ཐེངས་དོན་དངོས་ལ་བསམ་གཞིགས་ཀྱིས་དོན་ཕན་ལྡན་པའི་ཐག་གཅོད་ཅིག་ཡོང་བར་ཚོད་དཔག་བྱས་ཡོད། ཡིན་ཡང༌། དོན་ཕན་གྱི་ཐག་གཅོད་ཅིག་ལྟ་ཅི། ཆེས་ཆུང་ངུའི་རེ་སྒུག་དེ་ཡང་ནམ་མཁའི་མེ་ཏོག་གི་སྤུན་ཟླར་གྱུར་སོང༌། ད་ལྟའི་དུས་ཚོད་ནི་བོད་རྒྱའི་དཀའ་རྙོག་སེལ་བར་ཕྱོགས་གཉིས་ཀར་ཆ་རྐྱེན་བཟང་ཙམ་ལྡན་ཡོད་པའི་གནད་འགག་འདི་གཟིགས་རྟོགས་ཀྱིས་དགོངས་པ་ཆེ་བཞེས་གནང་དགོས་མོད། འོན་ཀྱང༌། གུང་ཁྲན་ཏང་གི་དབུ་ཁྲིད་ཚོས་ད་རུང་དེ་ལས་ལྡོག་སྟེ་མ་འདང་བ་ཞིག་དང༌། འདོད་པ་མ་ཁེངས་པའི་ཆ་རྐྱེན་དུ་མའི་འོག་དོན་དངོས་ལ་གཡོལ་ཐབས་བྱེད་ཀྱིན་འདུག ད་བར་གྱི་ཞི་མོལ་བྱུང་བ་ཁག་ནི་ཨོ་ལིམ་པིག་རྩེད་འགྲན་ལམ་ལྷོང་གི་དགོས་མཁོ་སྐོང་ཆེད་དུ་བྱས་པའི་ལག་ཆ་ཞིག་ལས། དོན་དམ་པའི་ཞི་མོལ་གྱི་མཁའ་དབུགས་བསྐྲུན་འདོད་མེད་པ་ཨོ་ལིམ་པིག་རྩེད་འགྲན་རྗེས་ཀྱི་ཞི་མོལ་གྱིས་ཁོ་པ་ཚང་གི་དམིགས་ཡུལ་ལྷང་ལ་འབུད་འདུག དེས་ན་ལོ་གསར་པ་ནས་ད་རུང་སྟོང་བསམ་བཅངས་ཏེ་འདུག་མི་ཉན་ལ་གོ་སྐབས་དམ་འཛིན་གྱིས་བཟང་ཕྱོགས་ཀྱི་འགྱུར་བ་ཙམ་ཕྱིན་མིན་ལ་མ་ལྟོས་པར་གུང་ཁྲན་ཏང་གི་བཀའ་རྒྱའི་མཚོན་འོག་ཏུ་གཅེས་པའི་ཚེ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱིས་རེ་བ་དང༌། ཤུལ་དུ་ལུས་པའི་གདོང་དམར་བའི་རིགས་གཏོགས་ཀུན་གྱིས་དམིགས་ཡུལ་མ་འགྲུབ་བར་ང་ཚོས་དྲང་བདེན་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་གིས་ལས་འགུལ་མུ་མཐུད་སྤེལ་དགོས་ལ། དེ་ལྟ་བུའི་ལས་འགུལ་གྱི་ནུས་ཤུགས་ལ་བརྟེན་ནས་མི་རིང་བར་མཐར་ཐུག་གི་འབྲས་བུ་མངོན་གྱུར་ཐུབ་རྒྱུ་ལས་ཞི་འཇམ་དང་སྤྲེལ་ལད་ཀྱི་སྒོ་ནས་ནམ་ཡང་བོད་ཀྱི་གནད་དོན་ཐག་གཅོད་དཀའ་བ་ནི་འདས་ཟིན་པའི་མི་ལོ་དེ་དག་རིང་གི་ཉམས་མྱོང་ལས་གསལ་པོར་ཤེས་ཐུབ། དེའི་ཕྱིར་ཞི་མོལ་ལ་གྲུབ་འབྲས་སོན་དགོས་ན། ལས་འགུལ་སྤེལ་མཚམས་འཇོག་མི་རུང་བར་མཐོང་ངོ༌།།