དགུ་བཅུ་གོ་ལྔའི་གཏམ་བཤད་དྲན་གསོ་གྱིས།
གང་གིས་ཟེར་ན་ལམ་ཕྱོགས་དེ་ནི་མོ་རང་ཉིད་ཀྱིས་བཟོས་པ་ཞིག་རེད། དེ་ཡང་ཕྱི་ལོ་༡༩༩༥ ཟླ་བ་༩ པའི་ནང་དྲུང་ཆེ་ཡི་སྐུ་ཟླ་བྷིལ་ཁི་ལིན་ཊོན་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོག་མ་ཐོབ་སྐབས། དྲུང་ཆེ་མཆོག་རྒྱལ་ས་པེ་ཅིང་དུ་འཛམ་གླིང་བུད་མེད་ཀྱི་ཚོགས་ཆེན་བཞི་པའི་ཐོག་གཏམ་བཤད་བྱེད་མཁན་གཙོ་བོ་ཡིན་པ་དང༌། སྐབས་དེར་སྐར་གྲངས་༢༠ རིང་གི་གཏམ་བཤད་སྒྲོགས་སྦྱང་གི་ཁ་ཕྱོགས་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད།
དེ་ཡང་སྐབས་དེར་དྲུང་ཆེ་མཆོག་གི་གཏམ་བཤད་དུ། ཕོ་མོ་དབྱེར་མེད་ཐོག་ནས་སྲུང་སྐྱོབ་ཀྱི་ཐོབ་ཐང་ནི་ལྷན་སྐྱེས་ཀྱིས་ཡོད་བསྡད་པ་ཞིག་དང༌། གང་ཟག་བྱེ་བྲག་པའི་ངོས་ནས་ཀྱང་རང་གི་བདེ་འཇགས་དང་ཕྲུ་གུ་ག་ཚོད་སྐྱེ་མིན་རང་དབང་དགོས་ངེས་ཤིག་ཡིན་ཞིང༌། མི་ལ་བཙན་ཤེད་བྱས་ཏེ་ཆོས་ལུགས་དང་ཆབ་སྲིད་ཀྱི་ནག་ཉེས་ཕོག་པའི་རིགས་བཙོན་འཇུག་བྱས་པ་དང༌། མནར་གཅོད་བཏང་བ། མི་སྤྱོད་ལས་འདས་པའི་རྡུང་རྡེག་བཏང་བ་སོགས་སྦས་ཐབས་བྱེད་མི་ཆོག་ཅེས་བཤད་སྐབས། ཚོགས་ཞུགས་པ་ཚང་མས་དགའ་བའི་ཐལ་མོ་བརྡབས་ཡོད་ཅིང༌། གཏམ་བཤད་དེ་ནི་ཁ་ཐུག་རྒྱ་ནག་ལ་ཁ་རྡུང་བཏང་བ་ཞིག་རེད། ཡང་མུ་མཐུད་ནས་ཚོགས་ཆེན་འདིའི་ནང་འཛུལ་ཞུགས་བྱེད་འདོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་བུད་མེད་ཚོས་ཇི་ཙམ་རེ་བ་བརྒྱབ་ཡོད་རུང༌། དངོས་སུ་འཛུལ་ཞུགས་ཐུབ་མེད་པ་དང་ཡང་ན་ཆ་ཤས་ཙམ་ཡང་ལེན་རྒྱུར་བཀག་འགོག་བྱས་པའི་ནག་ཉེས་ནི་དག་ཐབས་མེད་པ་ཞིག་རེད་ཅེས་གཏམ་བཤད་བྱས་ཡོད་པ་རེད། ཡིན་ན་ཡང་དེ་རིང་ནི་སྔོན་དུས་དང་མི་འདྲ་བར་ཨ་རིའི་རྒྱལ་དོན་དྲུང་ཆེའི་མིང་དང༌། ཚོང་དོན་གྱི་ལས་ཀ་གསར་པ་ཞིག་ཀྱང་མཉམ་དུ་ཁྱེར་ཡོད་པས། མི་ལོ་༡༤ སྔོན་གྱི་འཛམ་གླིང་བུད་མེད་ཚོགས་ཆེན་བཞི་པའི་ཐོག་གི་གཏམ་བཤད་ལས་དོན་བཞིན་དུ་འགྲོ་རྒྱུ་ཡིན་མིན་ནི་བཤད་ཚོད་ཐིག་དཀའ་བ་ཞིག་རེད། ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྡེ་ཚན་གཅིག་གིས། རྒྱལ་དོན་དྲུང་ཆེ་ལ་ཕྱི་ལོ་༡༩༩༥ ལོར་གཏམ་བཤད་བྱས་པའི་ནང་དོན་དང་ཁས་ལེན་བྱས་པ་རྣམས་དྲན་གསོ་བྱེད་ཆེད་དུ་ཡི་གེ་ཞིག་བཏང་ཡོད་པ་དང༌། སྤྱིར་དྲུང་ཆེ་མཆོག་གི་ལས་དོན་གྱི་ཞོར་ལ་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ། འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་བསྡུར་གྱི་དུས་ཚོད་ཧ་ཅང་མང་པོ་ཡོད་པ་ཞིག་རེད། དྲུང་ཆེ་དང་རྒྱ་ནག་གི་དཔོན་རིགས་ཚོའི་དབར་གྲོས་མོལ་བྱེད་དགོས་པའི་གནད་དོན་གཤམ་འཁོད་ལྟར་ཡིན།
དང་པོ། དཔལ་འབྱོར། འཛམ་གླིང་སྟེང་ཨ་རི་དང་རྒྱ་ནག་གཉིས་ནི་གཅིག་ལ་གཅིག་བརྟེན་ཡིན་ཞིང༌། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་རྨང་གཞི་གཙོ་བོ་ཚོང་ཟོག་ཕྱིར་གཏོང་དེ་ཆགས་ཡོད་པ་དང༌། ཨ་རི་ནི་རྒྱ་ནག་གི་ཚོང་ཟོག་ཕྱིར་གཏོང་བྱེད་སའི་ཁྲོམ་ར་ཆེ་ཤོས་དེ་ཡིན་པ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་རྒྱ་ནག་གིས་ག་དུས་ཡིན་ཡང༌། ཨ་རི་ནི་རྒྱ་ནག་གི་ཚོང་ཟོག་ཉོ་མཁན་རྒྱུན་གནས་ཐུབ་ཐབས་བྱེད་རྒྱུ་དེ་ཡིན་པ་རེད། འོན་ཀྱང༌། ཉེ་དུས་ཨ་རིའི་དཔལ་འབྱོར་དྲུང་ཆེ་ཊམ་མོ་ཐིས་ཀྱིས་རྒྱ་ནག་གི་དངུལ་ལོའི་རིན་ཐང་དང་སྤྱོད་ཕྱོགས་ཀྱིས། འཛམ་གླིང་དཔལ་འབྱོར་འགྲན་རྩོད་ཁྲོད་ཁེ་བཟང་མང་པོ་ཞིག་རག་གི་ཡོད་པ་རྣམས། ཁྲིམས་ལུགས་ཀྱིས་ཞིབ་བཤེར་དགོས་སྐོར་སོགས་རྒྱ་ནག་ལ་ཉེས་འཛུགས་བྱས་ཡོད་ཀྱང༌། རྒྱ་ནག་གིས་ངོས་ལེན་རྩ་བ་ནས་བྱས་མེད་པ་རེད།
གཉིས་པ། གནམ་གཤིས་འགྱུར་ལྡོག དེང་སྐབས་རྫས་འགྱུར་འོད་ཅན་གྱི་ཐོན་སྐྱེད་ལས་རིགས་རྒྱ་ནག་དང་ཨ་རིར་ལས་གཞི་རྒྱ་ཆེ་ཞིང༌། འཛམ་གླིང་ཐོག་རྒྱ་ནག་རྫས་འགྱུར་འོད་ཅན་གྱི་ཁེ་ལས་ཐོན་སྐྱེད་ཆེ་ཤོས་དེ་ཆགས་ཡོད་པ་རེད། སྒྱུར་བ་པོའི་མཆན། རྫས་འགྱུར་འོད་ཅན་ཟེར་བ་འབྱུང་བ་དང་རང་བྱུང་ཁམས་ལ་གནོད་པའི་རྫས་རིགས་ཤིག་ཕྱིར་འདོན་མང་པོ་བྱེད་དགོས་པ་ཞིག་ལ་གོ་དགོས། འདི་ལོའི་ཟླ་བ་༡༢ པའི་ནང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐད་ལ་ཞི་མོལ་དང་གྲོས་ཆོད་ལས་རིམ་གྱི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་པ་དང༌། སྐབས་དེར་རྒྱ་ནག་མཉམ་ཞུགས་མ་བྱས་ན་ཞི་མོལ་དང་གྲོས་ཆོད་དེ་ཕུགས་རྒྱང་རིང་པོ་དང་དོན་ཕན་ལྡན་པ་ཞིག་ཡོང་མིན་བཤད་ཚོད་དཀའ་བ་ཞིག་རེད། འོན་ཀྱང༌། རྒྱ་ནག་གི་ངོས་ནས་རྫས་འགྱུར་འོད་ཅན་གྱི་ཐོན་སྐྱེད་དེས་རང་བྱུང་ཁམས་ལ་གནོད་ན་ཡང༌། རྒྱ་ནག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ཟེར་ནས་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་དང༌། དེ་ལས་ལྡོག་སྟེ་ཨ་རི་སོགས་ལ་གནམ་གཤིས་འགྱུར་ལྡོག་གི་ནག་ཉེས་ཕར་གཡོགས་ནས་དོན་དངོས་ཐོག་ངོས་ལེན་བྱེད་ཀྱི་མེད། དེ་རིང་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཨ་རིའི་དམིགས་བསལ་སྐུ་ཚབ་ཊོ་ཐི་སི་ཊན་རྒྱལ་དོན་དྲུང་ཆེ་དང་མཉམ་དུ་ཡོད་པས། གོ་ལའི་ཚ་དྲོད་འགྱུར་ལྡོག་ཐད་ལ་སྐད་ཆ་བཤད་རྒྱུ་ཡིན་པ་རེད།
གསུམ་པ། བྱང་ཀོ་རི་ཡ། ཕྱི་ལོ་༢༠༠༣ ནས་བཟུང་རྒྱ་ནག་གི་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་གི་ཆེད་གྲོས་མོལ་ཚོགས་ཆུང་ ༦ བཙུགས་ཡོད་ཅིང༌། ཨ་རིས་འདི་ནས་ཆ་ཤས་བླངས་ཏེ་ཉི་ཧོང་དང་ཨུ་རུ་སུ། ལྷོ་ཀོ་རི་ཡ། བྱང་ཀོ་རི་ཡ་བཅས་གྲོས་མོལ་ཚོགས་ཆུང་ཞིག་བཙུགས་ཡོད་ཀྱང༌། རྒྱ་ནག་ལས་ལྷག་པ་བྱང་ཀོ་རི་ཡ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་མཁན་གྱི་རྒྱལ་ཁབ་གཞན་མེད་པ། མི་མང་པོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། རྒྱུ་མཚན་འདིས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་ཐད་ཀྱི་གྲོས་མོལ་དེའི་ལམ་ཁ། ཕལ་ཆེར་རྒྱ་ནག་གི་རྒྱར་ས་པེ་ཅིང་ནས་འགོ་འཛུགས་བྱེད་ཐུབ་སྲིད་པ་ཞིག་རེད། དེ་དང་མཉམ་དུ་གནད་དོན་གཞན་ཞིག་ཡོད་པ་ནི་ཨ་རིའི་དམག་དཔུང་ཁང་གིས། ལོ་སྔོན་མར་ཕྱི་ཟླ་༡༠ པའི་ནང་ཨ་རིས་དམག་གི་གོ་མཚོན་མང་པོ་ཐེ་ཝན་ལ་ཚོང་འབྲེལ་བྱས་ནས་བཟུང༌། རྒྱ་ནག་དང་ཨ་རི་གཉིས་དབར་ཆེས་མཐོའི་གོ་མཚོན་བརྗེ་རེས་ཀྱི་འབྲེལ་ལམ་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་དེ། དེ་རིང་རྒྱལ་དོན་དྲུང་ཆེ་རྒྱ་ནག་ཏུ་ཕེབས་པ་དང་སྟབས་བསྟུན་ནས་ཆེས་མཐོའི་གོ་མཚོན་བརྗེ་རེས་ཀྱི་འབྲེལ་ལམ་དེ་སྐྱར་གསོ་བྱེད་རྒྱུའི་རེ་བའང་འཆང་བཞིན་ཡོད་པ་རེད།།