ལྡི་ལི་བོད་སྒར་དུ་ལོ་གསར་མི་གཏོང་བའི་ལས་འགུལ།

ཕྱི་ཚེས་༢༥ སྟེ་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན། ལྡི་ལི་ས་གནས་གཞོན་ནུའི་གོ་སྒྲིག་འོག ལྡི་ལི་བོད་སྒར་དུ་ཡོད་པའི་བོད་མི་རྣམས་ཀྱིས་ལྡི་ལི་འཇན་ཏར་མན་ཏར་ས་གནས་སུ་ལོ་གསར་མི་གཏོང་བའི་ལས་འགུལ་སྤེལ་བ་མ་ཟད། ལོ་གསར་ཚེས་༡ ནས་ཚེས་༣ བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག ཟས་བཅད་ངོ་རྒོལ་གནང་མཁན་གྱི་ནང་ནས། ལོ་གསར་ཚེས་༡ ནས་༣ བར་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་ནི། ཡེ་ཤེས་ཆོས་འཛོམས་དང༌། བློ་བཟང་བསྟན་འཛིན། ཟླ་བ་དོན་གྲུབ། བསོད་ནམས་རྒྱ་མཚོ། བསོད་དགའ། བཀྲ་ཤིས་རྣམ་རྒྱལ། བསྟན་འཛིན་བློ་བཟང༌། བློ་བཟང་བསོད་ནམས་བཅས་ཡིན་པ་དང༌། གནམ་གོང་དགོང་མོར་ལོ་གསར་མི་གཏོང་ཞེས་པའི་སྐད་འབོད་བྱས་ཡོད་པ་མ་ཟད། ས་གནས་གཞོན་ནུའི་ཚོགས་གཙོ་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས། བོད་མི་སུ་ཞིག་གིས་ཀྱང་ལོ་གསར་སྐབས་ཤོག་སྦག་སོགས་མི་སྦར་བ་དང༌། ལོ་གསར་དེ་མྱ་ངན་རྗེས་དྲན་ཞིག་ཏུ་སྲུང་བརྩི་དགོས་པའི་འབོད་སྐུལ་ཡང་གནང་འདུག