གངས་ཁྲོད་ཀྱི་ལག་དམར་བ་ཞེས་པའི་གློག་བརྙན།
གློག་བརྙན་དེའི་ནང་དུ། ནང་པ་ལར་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་དངོས་སུ་བོད་མི་བསད་པའི་སྐབས་རི་འཛེགས་པས་གློག་བརྙན་པར་ལེན་བྱས་པ་དང༌། དེའི་གནས་སྟངས་འཁྲབ་སྟོན་བྱས་པ། ཁོང་ཚོའི་ནང་ནས་བྲོས་བྱོལ་དུ་རྒྱ་གར་ལ་སླེབས་ཐུབ་པ་ཁག་ཅིག་ལ་བཅར་འདྲི་བྱས་པ་སོགས་བོད་མི་བྲོས་བྱོལ་བ་རྣམས་ཀྱི་དངོས་བྱུང་གི་ཚོར་བ་དང༌། མཐོང་ཐོས་རྣམས་བཀོད་ཡོད་པ་མ་ཟད། དེ་ནི་རྒྱ་དམག་གིས་ནམ་ཡིན་ཡང་མི་མང་གི་ཕྱོགས་སུ་ལངས་ཀྱི་ཡོད་པ་དང༌། མི་མང་ལ་གུས་བཀུར་བྱེད་ཀྱི་ཡོད་ཅེས་པའི་བཅོས་མའི་རྫུན་ཚིག་དག་དངོས་བདེན་མིན་པའི་དཔང་རྟགས་གལ་ཆེན་ཞིག་དང༌། བོད་མི་མང་གིས་གཞན་དང་མི་འདྲ་བའི་མནར་གཅོད་མྱོང་གི་ཡོད་པ་ར་སྤྲོད་གསལ་པོ་ཞིག་ཀྱང་ཆགས་ཡོད་པ་རེད། གློག་བརྙན་དེར་དྷ་སའི་མི་མང་གིས་དགའ་བསུ་ཆེན་པོ་བྱས་ཡོད་པ་དང༌། གློག་བརྙན་བཟོ་མཁན་གཉིས་ལ་ལེགས་གསོའི་ཆེད་དུ་ཁ་བཏགས་གཡོགས་པ། ལག་པ་བཏང་བ་སོགས་ཀྱང་བྱས་སོང༌། ༢༠༠༦ ལོར་དངོས་སུ་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་བཀྲོངས་པ་དེ་ནི་ཕ་ཡུལ་ཁམས་འབྲི་རུ་རྫོང་ནས་ཡིན་པ་བཙུན་མ་སྐལ་བཟང་དབྱངས་མཚོ་ཡིན་པ་དང༌། དེའི་སྐབས་སུ་རོགས་པ་མང་པོ་ཞིག་རྒྱ་དམག་གིས་བཟུང་ནས་ཕྱིར་ཁྲིད་ཡོད་པ་དང༌། ཁག་ཅིག་རྒྱ་གར་དུ་འབྱོར་ཐུབ་ཙམ་བྱུང་ཡོད་པ་རེད།།