མཐུན་འབྲེལ་དང་རྡོག་རྩ་ཆིག་སྒྲིལ་ཁ་འདོན་བྱས་ནས་ཡོང་མི་ཐུབ།

སྐྱོན་བརྗོད་བྱེད་མཁན་རྣམས་གསང་མིང་འོག་ལ་གབ་ནས་ཁྱི་ཟུག་ཟུག་བྱས་ན། བཤད་མཁན་རང་ཉིད་ཀྱི་སྐད་ཆ་དེ་རང་ཉིད་ཀྱིས་འགན་ཁུར་མ་ཐུབ་པ་ཡིན་པས་སྤྱི་སྒེར་སུ་ཞིག་གིས་ནོར་འཁྲུལ་ཡོ་བསྲང་བྱེད་མི་ཐུབ། གལ་སྲིད་སྤྱི་ཚོགས་ལ་ཤ་ཚ་ཞིང་གནས་ལུགས་བཤད་རྒྱུ་ཡོད་པའི་དཔའ་བོ་ཞིག་ཡིན་ན་རང་ཉིད་ཀྱི་ངོ་གདོང་ངོ་མ་དེ་བསྟན་ནས་གསལ་བཤད་བྱེད་དགོས་པ་ལས་མི་མཐོང་ས་ནས་ལྐོག་རྡོ་བརྒྱབ་ན་ཁྱོད་ཀྱིས་བཤད་པའི་སྐད་ཆ་ལ་གྲུབ་འབྲས་སྨིན་མི་ཐུབ། བོད་ལ་ཡོད་པའི་རྩོམ་པ་པོ་རྣམས་ཀྱིས་སྨྱུག་གུའི་རྩེ་མོ་དེ་མི་རིགས་ཀྱི་འཐབ་རྩོད་དང༌། བོད་ཀྱི་ལ་རྒྱའི་སྐོར་ལ་ཕྱོགས་ཡོད་པ་ཁོང་ཚོའི་རྩོམ་ཡིག་ནས་མཐོང་ཐུབ་ཅིང༌། གཞས་པ་རྣམས་ཀྱིས་གདངས་ཀྱི་འགྱུར་ཁུག་ཀྱང་མི་རིགས་ཀྱི་འཐབ་རྩོད་དང་ལ་རྒྱའི་སྐོར་ལ་ཕྱོགས་ཡོད་པ་ཁོང་ཚོའི་འོད་སྡེར་ནས་གོ་ཐུབ། མགོ་བོ་འགྱོགས་མི་ཕོད་པའི་བཙན་གནོན་འོག་གི་རྩོམ་པ་པོ་དང་གཞས་པ་རྣམས་ཀྱིས་མི་རིགས་ལ་རྒྱའི་ཆེད་དུ་ཚེ་སྲོག་གཏའ་མ་བཞག་ནས་རང་ཉིད་བློས་བཏང་འདི་ལྟར་བྱེད་དུས། ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་པའི་རྩོམ་པ་པོ་རྣམས་ཀྱི་སྨྱུག་གུའི་རྩེ་མོ་དེ་ཕྱོགས་རིས་དང་རང་རྒྱལ་གཞན་ཕམ་གྱིས་དཀྱོག་དཀྱོག་ཆགས་ཏེ། གཞན་ལ་མཚང་འབྲུ་དང་ངན་སྨྲས་ཁོ་ནས་དུས་འདའ་བ་དང༌། གཞས་པ་རྣམས་ཀྱིས་གདངས་ཀྱི་འགྱུར་ཁུག་ལ་ཡང་ཕོ་མོའི་བརྩེ་དུངས་ཁོ་ན་གྱེར་བསྡད་ན་ངོ་ཚ་དགོས་པ་ཞིག་ཡིན་ལ། ཧང་སང་བའི་གནས་ཚུལ་ཞིག་ཀྱང་ཡིན། གཞིས་ལུས་རྒྱ་ཆེའི་མི་མང་གིས་ཡིད་ཆེས་ཀྱི་མགོ་བོ་དེ་ང་ཚོར་སྔས་ཡོད་ཅིང༌། རེ་བའི་མིག་ཟུང་གིས་ང་ཚོ་ལ་བལྟས་ཡོད་ཀྱང༌། ང་ཚོས་ཕྱི་རོལ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ཤན་པས་ར་ལུག་གསོད་གསོད་བྱེད་ཀྱི་ཡོད་པ་མི་མཐོང་བར། ནང་དུ་ང་ཆེ་ཁོ་བཙན་དང་རྐུབ་སྟེགས་མཐོ་དམན་སོགས་ཀྱི་ཐོག་ལ་ང་ཤི་ཁྱོད་གསོན་གྱི་འཐབ་འཛིང་ཁོ་ན་བྱས་ནས་བསྡད་ན་དྲང་བདེན་དང་དངོས་ཡོད་གནས་ཚུལ་ལ་རྒྱང་རིང་དུ་སོང་བ་ཞིག་ཡིན་ལ། ཁ་ནས་ལ་རྒྱ་བཤད་པ་དེ་ཡང་ནེ་ཙོའི་མ་ཎི་ལྟར་སོང་བ་ཡིན་ཞིང༌། ད་དུང་ལ་རྒྱ་དང་ཤ་ཞེན་ཡོད་མདོག་གིས་ཁ་གཡང་རྫུན་མའི་གླུ་དབྱངས་ག་ཚོད་སྙན་ཡང་ཁོག་ནས་རང་དོན་རྐྱང་པ་བསྒྲུབས་ཏེ། ཡོད་ཚད་ནུབ་ཕྱོགས་ལ་འཕུར་བའི་གྲ་སྒྲིག་ཁོ་ན་བྱས་བསྡད་ན་ལས་རྒྱུ་འབྲས་ཟེར་བ་དེ་ཐག་རིང་དུ་སོང་བ་ཞིག་ཡིན་ལ། རྒྱ་བོད་འཐབ་རྩོད་འདི་ཆར་རྗེས་ཀྱི་འཇའ་གཟུགས་ཤིག་ཏུ་གྱུར་པའི་ཉེན་ཁ་ཡང་ཆེ་བས། གནས་ཚུལ་འདིའི་རིགས་ད་ནས་བཟུང་མང་ས་ནས་ཉུང་དུ་བཏང་ཞིང་ཉུང་ས་ནས་རྩ་མེད་བཟོ་ཅི་ཐུབ་བྱས་ཏེ། ཁ་ཙམ་མ་ཡིན་པར་དོན་ངོ་མའི་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ནི་ཕྱིས་མ་དྲགས་ན་སྔ་དྲགས་མེད་པ་ཞིག་ཡིན། རྡོག་རྩ་ཆིག་སྒྲིལ་དང་མཐུན་འབྲེལ་ཟེར་བ་དེ་ཁ་ནས་མ་ཎི་སྐྱོར་སྐྱོར་བྱས་ནས་ཡོང་མི་ཐུབ་པ་མ་ཟད། སྨོན་ལམ་བརྒྱབ་ནས་དེ་ལས་ཀྱང་ཡོང་མི་ཐུབ། ད་དུང་ཚོགས་འདུ་འཚོག་པ་དང་ཟབ་སྦྱོང་སྤྲད་ནས་ཡོང་ག་ལ་ཐུབ། ཆོས་ལུགས་ཕྱོགས་རེ་བ་དང༌། ལུང་ཚན་ཕྱོགས་རེ་བ། ཚོགས་པ་ཕྱོགས་རེ་བ། གང་ཟག་ཕྱོགས་རེ་བ་སོགས་ཀྱི་ངོས་ནས་མཐུན་འབྲེལ་དང་རྡོག་རྩ་ཆིག་སྒྲིལ་བྱས་ན་ཕན་ཐོགས་ཡོད་སྲིད་ཀྱང་དོན་ངོ་མའི་རྡོག་རྩ་ཆིག་སྒྲིལ་ཡོང་མི་ཐུབ། སྐྱེ་བོ་ཆེ་ཆུང་དྲག་ཞན་སྐྱ་སེར་ཕོ་མོ་མེད་པར་རྩམ་གཟན་བོད་པའི་མིང་ཐོགས་ཚད་ཀྱིས། མི་རེ་ངོ་རེ་ནས་ཉིན་རྒྱུན་འཚོ་བའི་ནང་ལ་ངོ་ལྐོག་མེད་པར་མཐུན་འབྲེལ་བྱེད་པའི་ལས་ལ་འབད་ན་རྡོག་རྩ་ཆིག་སྒྲིལ་ཟེར་བ་དེ་ཐག་རིང་པོ་ཞིག་ནས་བཙལ་མི་དགོས་པར་ལས་སླ་བོའི་ངང་ནས་ཡོང་ཐུབ།  
    ང་ཚོའི་བོད་རང་བཙན་ཤོར་བ་ནི་འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་ལ་དོ་སྣང་མེད་པ་དང་རྒྱལ་སྤྱིའི་གནས་ཚུལ་མ་ཤེས་པར་ནང་ཁུལ་ལ་ང་ཤི་ཁྱོད་གསོན་གྱི་འཐབ་རྩོད་ཁོ་ན་བྱས་ནས་བྱུང་བའི་ངན་འབྲས་ཤིག་ཡིན་པ་ལོ་རྒྱུས་ཀྱིས་དཔང་རྟགས་བྱེད་ཐུབ། དེ་རིང་སྐྱབས་བཅོལ་ལ་སླེབས་ནས་ལོ་ལྔ་བཅུ་སོང་ཡང་རྒྱ་བོད་འཐབ་རྩོད་ཐོག་ལ་གྲུབ་འབྲས་སྨིན་མེད་ཅིང་ཐག་ཆོད་གང་ཡང་བྱུང་མེད། ད་དུང་རྒྱལ་གཅེས་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོའི་རྣམ་ཤེས་གསོན་པོས་མི་ཡུལ་ལ་ཕྱི་མིག་བྱེད་པའི་རེ་བ་གང་ཡང་འགྲུབ་མེད་པས་ང་ཚོ་མི་རབས་གསར་པ་རྣམས་ཀྱིས་མི་རབས་རྙིང་པའི་སྙོག་འཛིང་དང༌། དགོས་མེད་ཀྱི་ན་ཚ་རྙིང་པ་མུ་མཐུད་ནས་རྒྱུད་འཛིན་བྱས་ཏེ་རྣམ་དཔྱོད་དང་རིག་པ་ཡོད་ཚད་ནང་དུ་བསྒྲིམས་ནས་ནང་ཁུལ་གྱི་ནག་ཉེས་རྐྱང་རྐྱང་གླེང་རན་བྱས་ནས་མཐུན་འབྲེལ་གོང་བུ་ཆིག་སྒྲིལ་མ་བྱས་ན།  ཉི་མ་གཅིག་ལ་སྐྱབས་བཅོལ་ལ་སླེབས་ནས་ལོ་བརྒྱ་འཁོར་བའི་མྱ་ངན་གྱི་དུས་དྲན་ཟེར་བ་ཞིག་སྲུང་བརྩི་ཞུ་དགོས་པ་ཡོང་མི་སྲིད་པ་མ་ཡིན་པས། ད་ནས་བཟུང་ང་ཚོ་མི་རེ་ངོ་རེ་ནས་དོན་ངོ་མའི་རྡོག་རྩ་ཆིག་སྒྲིལ་ལ་འབད་དགོས་ཤིང༌། མི་རེ་ངོ་རེ་ནས་དོན་ངོ་མའི་རྒྱ་བོད་འཐབ་རྩོད་བྱེད་དགོས།  རྩོམ་པ་པོ་རྣམས་ཀྱིས་སྨྱུག་གུའི་རྩེ་མོ་དེ་རྒྱ་བོད་འཐབ་རྩོད་ཐོག་ལ་བཙུགས་དགོས་ཤིང༌། གཞས་པ་རྣམས་ཀྱི་གདངས་ཀྱི་འགྱུར་ཁུག་གིས་མི་རིགས་ལ་རྒྱ་གྱེར་དགོས།  ད་དུང་ང་ཚོ་ཚང་མས་ཕ་གཞིས་ལ་ཕྱིར་ལྟས་བྱེད་དགོས་ཤིང༌། ཕ་སྐད་དྲན་ཡུལ་ནས་དེ་ལས་ཀྱང་ཡལ་ག་ལ་རུང༌།།