བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ།

    གྲོས་ཚོགས་དབུ་འཛུགས་སྐབས་སུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། ཆབ་སྲིད་དང་འབྲེལ་བའི་གནད་དོན་ཐོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བགྲོ་གླེང་ཤུགས་ཆེན་པོ་གནང་དགོས་པ་གལ་ཆེན་པོ་ཡིན་པ་དང༌། བོད་ནང་ནས་ལས་འགུལ་སྤེལ་བ་ལ་གདུང་སེམས་མཉམ་བསྐྱེད་དང༌། བཙན་བྱོལ་ནང་མ་འོངས་པར་ལས་འགུལ་ག་འདྲ་ཞིག་སྤེལ་དགོས་མིན་ཐད་བསམ་ཞིབ་གནང་བའི་གོ་སྐབས་ཤིག་དེ་རིང་སྤྱི་འཐུས་རྒྱུན་ལས་ཀྱིས་གཞུང་འབྲེལ་གྲོས་འཆར་ཞིག་བསྣམ་ཕེབས་ཀྱི་ཡོད་སྐོར་དང༌། ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་གྱི་སྙན་ཐོའི་ནང་ལས་དོན་མང་པོ་ཚུད་པ་དེ་དག་མཇུག་སྐྱོང་ལག་བསྟར་ག་འདྲ་ཞིག་དགོས་མིན། ྋགོང་ས་མཆོག་གི་བཀའ་བཞིན་མ་འོངས་པར་ཡང་ཚོགས་ཆེན་དེ་འདྲ་ཇི་ལྟར་འཚོག་དགོས་མིན་ཐད་བགྲོ་གླེང་གནང་རྒྱུ་ཡིན་སྐོར་དང༌། སྤྱི་ཡོངས་ཀྱི་ཆ་ནས་ད་ལྟ་ྋགོང་ས་སྐྱབས་མགོན་ཆེན་པོ་ཞལ་བཞུགས་པའི་སྐབས་སུ་དཔལ་འབྱོར་ཐད་དམིགས་བསལ་དཀའ་ངལ་གང་ཡང་འཕྲད་ཀྱི་ཡོད་མ་རེད། མ་འོངས་པར་དཀའ་ངལ་འཕྲད་སྲིད་པར་བརྟེན་དཔལ་འབྱོར་གྱི་གནས་སྟངས་ཐད་རང་ཁ་རང་གསོ་ཐུབ་དགོས་པ་དང༌། མི་མང་གི་དཔྱ་ཁྲལ་དང་ཞལ་འདེབས་རིགས་ཤུགས་ཆེ་རུ་གཏོང་ཐུབ་པ་ཡིན་ན་བཙན་བྱོལ་བོད་ཀྱི་དཔལ་འབྱོར་སྲ་བརྟན་ཡོང་ཐུབ་ལུགས་ཀྱི་སྐོར་གསུངས་སོང༌།
    ཁོང་གིས་མུ་མཐུད་གསུང་དོན། ྋགོང་ས་མཆོག་གིས་ཤེས་ཡོན་གནས་སྟངས་སྐོར་ཡང་ཡང་གསུངས་པ་དེའི་ཐད་ཞིབ་འཇུག་ཚོགས་ཆུང་འཛུགས་འཆར་སྐོར་ལ་སྤྱི་འཐུས་རྣམ་པ་ཚོས་ཤེས་ཡོན་དང་འབྲེལ་བའི་དགོངས་འཆར་ལྷུག་པོ་གནང་དགོས་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་གཞུང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ཕྱི་ལོ་ཉིས་སྟོང་བརྒྱད་དང་དགུ་ཡི་སྔོན་རྩིས་སྐོར་གསུང་བཤད་གནང་བ་དང༌། འདས་ལོའི་ནང་བོད་མི་འདས་གྲོངས་ཕྱིན་པ་རྣམས་ཀྱི་ཆེད་དུ་མྱ་ངན་གྱི་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ་མ་ཟད། ཨི་ཊ་ལིའི་ས་གནས་རང་སྐྱོང་གི་གྲོས་ཚོགས་འཐུས་མི་དང་སྐུ་ཚབ། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་སྐུ་བཞེངས་ཀྱི་ཐོག་ནས་དགའ་བསུ་ཞུས་ཡོད་པ་རེད། ཚོགས་གཙོ་མཆོག་གིས་གསར་གཏོད་ལྟ་བུར་གྲོས་ཚོགས་ནང་ཟུར་ཉན་པ་ཡོངས་ལ་ལུས་བཤེར་བྱེད་དགོས་པའི་ལུགས་སྲོལ་ལག་བསྟར་གནང་ཡོད་པ་རེད།།