དཔའ་བོར་རྗེས་དྲན་རྡོ་རིང༌།
རླབས་ཆེན་མཛད་རྗེས་ལ་རྗེས་དྲན་མཚོན་བྱེད་དྲན་རྟེན་རྡོ་རིང་འདི་བྷེལ་ཀོབ་སེར་སྐྱ་མི་མང་ཡོངས་ཀྱིས་གུས་བཀུར་བསྔོ་སྨོན་མཚམས་སྦྱར་གྱིས་གསར་བཞེངས་ཞུས་པ་ཞེས་དབྱིན་བོད་སྐད་ཡིག་གཉིས་དང༌། ཧིན་རྡི། ཀར་ཎ་ཌ་ཀའི་སྐད་བཅས་ཀྱི་ཐོག་བྲིས་ནས་བཀོད་པ་ཞིག་རེད། སྐུ་མགྲོན་གཙོ་བོ་འོད་ཟེར་རིན་པོ་ཆེ་དབུ་བཞུགས་ཐོག་ས་གནས་ཁྲིམས་ཞིབ་པ། ས་གནས་འགོ་འཛིན་རྣམས་གཉིས་དང་མཉམ་འབྲེལ་ཚོགས་གཙོ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་འཐུས་མི་བཅས་ཀྱིས་སྒོ་འབྱེད་གནང་བ་དང༌། རྡོ་རིང་ངོ་སྤྲོད་པ་ས་གནས་གཞོན་ནུའི་ཚོགས་གཙོ་པདྨ་ཚེ་དབང་གིས་ང་ཚོས་ནམ་ཡིན་ཡང་རྒྱལ་གཅེས་དཔའ་བོ་རྣམས་ལ་འདི་ལྟར་རྗེས་དྲན་དང་གུས་བཀུར་ནམ་ཡང་བྱེད་དགོས་སྐོར་གསུངས་ཡོད་པ་རེད། གཞན་ཡང་ཉིན་མོ་དེར་ས་གནས་གཞོན་ནུ་དང་བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག་བདེ་སླར་མི་མང་ཚོགས་ཁང་དུ། སེར་སྐྱ་མི་མང་བསྡུ་བསྐོང་གིས་ཉིས་སྟོང་བརྒྱད་ཀྱི་སྤྱི་ཟླ་གསུམ་པའི་ཚེས་༡༤ ཉིན་རྒྱ་ནག་གི་དྲག་སྤྱོད་དང་བོད་མི་དམར་གསོད་བྱས་ནས་ལོ་འཁོར་གཅིག་སོང་བའི་ལོ་མཆོད་བསྔོ་སྨོན་ཉིན་གང་བྱས་ནས་བོད་བཞུགས་སྤུན་ཟླ་རྣམས་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་རྗེས་དྲན་བྱས་ཡོད་པ་རེད།། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།