གོམ་པ་རྒྱག་མ་ཐུབ་ན་གོག་ནས་འགྲོ་ཡི་ཡིན་ཟེར།
དེའི་ནང་ཐེ་ཝན་རྒྱ་ནག་སྐམ་ས་ཆེན་པོ་དང་གཅིག་སྒྲིལ་བྱེད་རྒྱུ་ནི་རྒྱ་ནག་གི་དཔོན་རིགས་མང་པོས་ཐབས་ཇུས་སྣ་ཚོགས་བྱེད་མྱོང་ཡོད་པ་དང༌། དེ་རིང་སྲིད་བློན་ཝིན་གྱིས་གཏེར་གྱིས་ཕྱུག་པའི་རྒྱ་ནག་གི་གླིང་ཕྲན་ཞེས་བརྗོད་དེ། ཁོང་ཐེ་ཝན་དུ་འགྲོ་འདོད་ཡོད་སྐོར་ཤུགས་ཆེན་པོས་བརྗོད་པ་མ་ཟད། རྒྱ་ནག་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པ་ལའི་ཊའོ་ཁྲི་ཡིས་ཀྱང་ཐེ་ཝན་དུ་འགྲོ་རྒྱུར་སྐོམ་པ་ཆུ་འདོད་ལྟར་ཡོད་སྐོར་བརྗོད་ཡོད་པ་རེད། དེ་བཞིན་བྱང་ཀོ་རི་ཡ་ནི་རྒྱ་ནག་དང་འབྲེལ་འདྲིས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཕྱེད་གླིང་ཕྲན་ཞིག་ཡིན་པས། རྒྱ་ནག་ངོས་ནས་བདེ་འཇགས་ངང་གནས་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།
བོད་ཀྱི་སྐོར་བརྗོད་སྐབས་ཏཱ་ལའི་བླ་མ་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཡིན་པས་ངེས་པར་དུ་ལྷག་བསམ་རྣམ་དག་ཡིན་དགོས་པ་དང༌། རྒྱ་ནག་གི་དཔོན་རིགས་ཚོས་ཏཱ་ལའི་བླ་མའི་དམིགས་ཡུལ་རང་བཙན་རྩོད་རྒྱུ་མིན་ཟེར་བ་དེར་ཡིད་ཆེས་བྱེད་དཀའ་ཞིང༌། གལ་སྲིད་བོད་དེ་རྒྱ་ནག་སྐམ་ས་ཆེན་པོ་དང་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱས་ན། དེ་ནས་ཐེ་ཝན་དང་རྒྱ་ནག་ཀྱང་གཅིག་སྒྲིལ་གང་མྱུར་ཡོང་རྒྱུ་ནི་བརྗོད་དུ་མེད་པ་ཞིག་རེད་ཅེས་བཤད་ཡོད་པ་རེད།
པེ་ཅིང་དུ་ཡོད་པའི་སྦི་སྦི་སིའི་གསར་འགོད་པས་གསར་འགོད་ལྷན་ཚོགས་ཐོག་གི་མྱོང་ཚོར་བརྗོད་སྐབས། སྲིད་བློན་ཝིན་གྱིས་ལོ་ལྟར་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་མཐའ་མཇུག་གི་གསར་འགོད་ལྷན་ཚོགས་ནི། ལོ་གཅིག་ནང་རྒྱ་ནག་གི་ཆབ་སྲིད་པའི་གསར་འགོད་ལྷན་ཚོགས་ཆེ་ཤོས་ཡིན་ལ། དེའི་ནང་འཛོམས་པའི་ཕྱི་རྒྱལ་གྱི་གསར་འགོད་པར་མཚོན་ན། རྒྱུན་ལྡན་རྒྱ་ནག་གི་དཔོན་རིགས་ཚོའི་མདུན་དུ་བཅར་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཉུང་ཞིག་རེད་ལ། དེ་རིང་སྲིད་བློན་ཝིན་ལ་དྲི་བ་གཏོང་རྒྱུའི་གོ་སྐབས་ཅུང་ཟད་སྤྲད་ཡོད་རུང༌། རླུང་འཕྲིན་དང་གསར་འགྱུར་ཐོག་དྲི་བ་དྲིས་ལན་གང་བྱས་ཡོད་པ་རྣམས་ཡོངས་རྫོགས་གསལ་སྟོན་བྱས་མེད་པ་དང༌། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་སྐོམ་པ་ཆུ་འདོད་ལྟར་དྲི་བ་འདྲི་ཐབས་ཀྱིས་ལག་པ་ག་ཚོད་བརྐྱངས་ཀྱང༌། དྲི་བ་གཏོང་མཁན་གདམས་གསེས་བྱས་པ་ལས་ལག་པ་སྐྱོང་སྔ་ཕྱི་ལ་རག་ལས་པ་ཞིག་རེད་མི་འདུག་ཅེས་དང༌། དྲི་བ་གཏོང་མཁན་འགའ་ཤས་ལག་པ་མ་བརྐྱངས་པའི་སྔོན་ནས་བདམས་ཟིན་པ་དང༌། ཨ་རིའི་གསར་འགོད་པ་དང་ལྷོ་ཨ་ཧཕི་རི་ཁའི་གསར་འགོད་པ་རྣམས་ལ་ཁྱེད་ཚོས་དྲི་བ་ག་རེ་གཏོང་གི་ཡིན་ཞེས། གསར་འགོད་ལྷན་ཚོགས་མ་འཚོག་པའི་སྔོན་ལ་དྲིས་སྐབས།
ཨ་རིའི་གསར་འགོད་པ་ཨན་ཌིར་བྷི་རོ་ནི་ཟེར་བས། ང་ཚོས་གང་ལ་དོ་སྣང་ཡོད་ན་དེའི་སྐོར་དྲི་བ་འདྲི་རྒྱུ་ཡིན་ཞེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ལན་བརྒྱབ་ཡོད་འདུག ཨ་རིའི་གསར་འགོད་པ་འདི་ནི་སྲིད་བློན་ཝིན་ལ་ཕྱི་རྒྱལ་གྱི་གསར་འགོད་པའི་ཁྲོད་ནས་ཐེངས་འདིར་དྲི་བ་གཏོང་མཁན་དང་པོ་ཡིན་ཞིང༌། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་གསར་འགོད་ལྷན་ཚོགས་གཙོ་སྐྱོང་བྱེད་སྟངས་ཚུལ་མཐུན་མིན་པའི་ཞུ་འབོད་དང་སྡུག་སྐད་མང་པོ་བརྒྱབ་ཡོད་རུང༌། གསར་འགོད་ལྷན་ཚོགས་དེ་ནི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱིས་གཙོ་སྐྱོང་དང་སྟངས་འཛིན་བྱས་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།