རྒྱ་ནག་གཞུང་གིས་སྐུ་ཉིད་ངོ་ཤེས་ཐབས་སུ་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ཡིག་ཆ་བཟོ་མཁན་དང་མཚན་རྟགས་བསྡུ་རུབ་གནང་མཁན་གྱི་ཚོགས་གཙོ་མཱ་རིའི་ཝལ་ཊི་མཆོག་གིས་ཡིག་ཆ་དེ་རྒྱ་ནག་གི་སྲིད་འཛིན་ཧུའུ་དང༌། དེ་མིན་དཔོན་རིགས་ཚོའི་ལག་ཏུ་འབྱོར་ཐབས་བྱེད་རྒྱུ་ཡིན་ཞེས་དང༌། ཡང་ཁོང་གིས་དེང་སྐབས་ྋགོང་ས་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་གཞི་རྒྱ་ཆེན་པོ་ཡོད་པ་དང༌། ྋགོང་ས་མཆོག་གིས་བོད་ཀྱི་གནས་སྟངས་སོགས་ཀྱི་ཐད་ལ་བཀའ་ཕེབས་པ་རྣམས་ཤིན་ཏུ་ནས་ཕན་རླབས་ཆེན་པོ་ཡོད་ཚུལ་སོགས་གསུངས་ཡོད་པ་རེད།
ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོས་མཛད་གནང་བའི་ཡིག་ཆའི་ནང་དུ། ང་ཚོ་དང་ཐུགས་སེམས་ཤིན་ཏུ་ཉེ་བའི་གྲོགས་མཆོག་ཐམས་ཅད་མཁྱེན་པ་ྋཏཱ་ལའི་བླ་མ་མཆོག་ལ། ཁྱེད་ཀྱི་འཚེ་བ་མེད་པའི་ལྟ་སྤྱོད་དང་སྙིང་རྗེ། ཐུགས་རྒྱུད་སོགས་ལ་ང་ཚོས་རྟག་ཏུ་ཡི་རངས་ཞུ་བཞིན་ཡོད་ལ། ང་ཚོ་ག་དུས་ཡིན་ཡང་ཁྱེད་དང་མཉམ་དུ་ཡོད། ང་ཚོས་ཁྱེད་ཉིད་ངོ་ཤེས་པ་བཞིན་དུ་ལྷག་བསམ་རྣམ་དག་གིས་རྒྱ་ནག་གཞུང་གིས་ཁྱེད་ཉིད་ངོ་ཤེས་ཐབས་སུ་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན་ལ། ད་ལྟའི་བར་རྒྱ་ནག་གཞུང་གིས་སྐུ་ཉིད་ཀྱི་ཐུགས་རྒྱུད་ངོ་ཤེས་ཀྱི་མི་འདུག་ཅེས་དང༌། རྒྱ་ནག་ནི་གཞན་དང་མི་འདྲ་བའི་གནས་སྟངས་ཤིག་གི་འོག་གནས་ཡོད་པ་འདིས་འཛམ་གླིང་ལའང་ཤུགས་རྐྱེན་ཐེབས་ཡོད་པས། སྐུ་ཉིད་ཀྱི་མཛད་པ་འདིས་བོད་དང་བོད་མི་གཅིག་པུ་མིན་པར་རྒྱ་ནག་ལའང་ཕན་རླབས་ཆེན་པོ་ཡོང་ངེས་ཡིན་ཞིང༌། དེ་བཞིན་རྒྱ་ནག་རྒྱལ་སྤྱིའི་གནད་དོན་ལ་འགན་ཁུར་ཐུབ་མཁན་ཆགས་རྒྱུ་ལའང་ཕན་རླབས་ཆེན་པོ་ཡོད་ཅེས་དང༌། ང་ཚོས་མཐའ་མཇུག་ཏུ་ནན་བརྗོད་བྱེད་དགོས་པ་གཅིག་ནི། སྐུ་ཚེ་གང་པོར་ཞི་བདེ་ཁོ་ནའི་ཆེད་དུ་ཕྱག་ལས་གནང་མཁན་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ། རྒྱ་ནག་གིས་ནམ་ཡང་གཞི་མེད་ཀྱི་མཚན་སྨད་ཞུ་མི་ཆོག་ཅིང༌། ཁོང་ནི་སྤྱིར་བཏང་མི་རྩ་ཆེན་ཙམ་མིན་པ་འཛམ་གླིང་ཐོག་གནས་པའི་ང་ཚོ་ལ། བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལམ་ཇི་ལྟར་འཚོལ་ཐབས་སུ་ལམ་སྟོན་གྱི་དགེ་རྒན་ཡིན་ཞེས་སོགས་འཁོད་ཡོད་པ་རེད།།