༄༅། །ངེས་དོན་སེམས་ཀྱི་གླུ་སྒྲ། །
ཀ་དག་གནས་ལུགས་མི་མཐོང་གཡམ་རྒྱུགས་ཀྱི་གྲོང་ན། །
ཁ་ཁོག་ངེས་གཏན་མེད་པའི་དེང་རབས་ཀྱི་ཤེས་ལྡན། །
ག་ལེར་དཔྱད་ན་ཐོས་བསམ་གང་ཡང་གིས་དབེན་པའི། །
ང་རྒྱལ་ཁེངས་གྲགས་སྤོང་རོགས་རིགས་མཐུན་གྱི་གྲོགས་དག །
ཅ་ཅོ་འདུ་འཛིན་ལ་ཞེན་སྲིད་ངན་གྱི་གྲོང་ན། །
ཆ་ལུགས་སྣ་ཚོགས་བསྒྱུར་བའི་ཚིགས་མེད་ཀྱི་ན་གཞོན། །
ཇ་ཆང་འདོད་སྲེད་སོགས་ལ་ཅི་དགའ་རུ་སྤྱད་ནས། །
ཉ་ཤ་གསོན་ཟོས་མ་བྱེད་རང་རིགས་ཀྱི་ཞབས་འདྲེན། །
ཏ་ཐྭ་ག་ཏའི་དགོངས་དོན་མ་རྟོགས་ཀྱི་བར་དུ། །
ཐ་མར་ལོག་རྟོག་ཚིག་གི་དམོད་ངན་ཀུན་དོར་ནས། །
ད་སྔོན་བསགས་པའི་ལས་ལ་ནོང་འགྱོད་ཤིག་གྱིས་དང༌། །
ན་རྒས་འཆི་ཚེ་སྣ་ཚོགས་སྡུག་བསྔལ་ལས་གྲོལ་ངེས། །
པ་ཏྲའི་རིས་ལྟར་འཇིགས་རྟེན་འདུ་འཛི་ཡི་གྲོང་ན། །
ཕ་མེས་རིགས་རུས་ཕྱོགས་ཞེན་ངན་སྤྱོད་ལ་འཕྲེང་བཞིན། །
བ་གླང་སུག་རྗེས་བསྙེགས་ལས་རྙེད་དཀའ་བའི་ལུས་འདི། །
མ་ལྟར་རང་རིགས་དོན་དུ་ཅིའི་ཕྱིར་ན་མི་འབུལ། །
ཙ་རི་གངས་ཀྱི་རི་བོ་རྒྱབས་ཕྱོགས་སུ་བཞག་སྟེ། །
ཚ་རུང་འཇིགས་པའི་འཕྲང་ལ་ཕྱིར་མིག་ཞིག་ལྟོས་དང༌། །
ཛ་དྲག་འཇབ་བུ་ཇག་གི་ལས་ཀུན་ལ་ཞུགས་ནས། །
ཝ་སྐྱེས་ཇི་བཞིན་སྐྱིད་ཉལ་བྱེད་རན་ཞིག་ཡིན་ནམ། །
ཞྭ་ལྟར་གཙུག་ཏུ་བཀུར་འོས་ཟུང་འབྲེལ་གྱི་ཆོས་སྲིད། །
ཟ་འཐུང་ལྟོ་གོས་ཙམ་གྱི་ཆེད་དུ་ནི་མ་བཙོང༌། །
འ་ཅག་བོད་པ་ཚང་གྀ་རྒྱལ་བསྟན་གྱི་བླ་སྲོག །
ཡ་མཚན་འདི་ལས་མེད་ཕྱིར་བདག་སྲུང་ཞིག་གནང་རོགས། །
རྭ་བ་གངས་ཀྱིས་བསྐོར་བའི་ཆོས་ལྡན་གྱི་བོད་པའི། །
ལ་རྒྱའི་སེང་དར་གྲི་འཛིན་བདུ་རྩེ་རུ་བསྒྲེང་དེ། །
ཤ་རུས་གཅིག་ལས་མཆེད་པའི་གཞིས་བྱེས་ཀྱི་སྤུན་ཟླའི། །
ས་སྟེང་འདི་ནས་ཞི་བདེའི་དཔལ་ཡོན་ལ་རོལ་ཤོག །
ཧ་ཅང་གནས་ལུགས་རྟོགས་པའི་ཤེས་ལྡན་ཞིག་མིན་ཡང༌། །
ཨ་མཚར་ཙམ་མིན་རིགས་ཞེན་སྙིང་ཁོངས་ན་ལྕི་ཕྱིར། །
ཧ་ཅང་ནུས་སྟོབས་དབེན་ཡང་ཚོར་ཤུགས་དེ་མཚོན་ཙམ། །
ཨ་མའི་བཀའ་དྲིན་མཚོན་ཙམ་གླུ་དབྱངས་སུ་གྱེར་འདོད། །
༢༠༠༨་༧་༣ ཉིན་བོད་དུང་བས། །