བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་གསུམ་པ།

རིག་རླབས་དུས་དེབ་དེ་ཉིད་བརྗོད་བྱ་དང་བརྗོད་བྱེད་གང་ཅིའི་ཐད་ནས་ཡར་རྒྱས་ཕྱིན་ཡོད་ནའང༌། ཡར་རྒྱས་ལ་མཐའ་མེད་པ་ཡིན་ཙང་རྩོམ་ཡིག་ནང་ཚང་དགོས་པ་ནི་གཞན་གྱི་བསྐྱར་ཟློས་བྱས་པ་མ་ཡིན་པར་སྒྱུ་རྩལ་ལྡན་པའི་སྒོ་ནས་གསར་གཏོད་ཀྱི་ཕྱོགས་སུ་བསྐྱོད་དགོས་ཅེས་དང༌། ལྷག་པར་དུ་ཟབ་སྦྱོང་གི་ཆ་ཤས་ལེགས་པར་བླངས་ནས་རང་རྒྱུད་ལ་བློ་བསྐྱེད་གསར་པ་ཞིག་དང་ཤེས་བྱ་གསར་པ་ཞིག་རག་ཐབས་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་ནན་པོ་གནང་ཡོད་པ་རེད། དངོས་གཞིའི་མཛད་སྒོ་གྲོལ་རྗེས་རིམ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཟབ་ཁྲིད་པ་རྣམས་ཀྱིས་སོ་སོའི་བརྗོད་གཞི་ཐོག་ཆུ་ཚོད་གཅིག་གི་རིང་ཟབ་ཁྲིད་གནང་བ་དང་སྐར་མ་༤༥ རིང་དྲི་བ་དྲི་ལན་གྱི་ཐོག་ནས་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱས་པ་སོགས་བརྗོད་གཞི་མི་འདྲ་བ་བཅུ་གསུམ་ལྷག་ཙམ་ཞིག་ལ་ཉིན་གྲངས་གསུམ་གྱི་རིང་ཟབ་ཁྲིད་གནང་ཡོད་པ་རེད།
མདོར་ན། ད་ཐེངས་བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་གསུམ་པ་དེ་ཧ་ཅང་དོན་སྙིང་ལྡན་པ་ཞིག་དང་ཕན་ནུས་ལྡན་པ་ཞིག་བྱུང་སོང༌། ཟབ་ཁྲིད་ཀྱི་བརྗོད་གཞི་རྣམས་ཚོགས་ཞུགས་པའི་གནས་ཚད་དང་ཤིན་ཏུ་འཚམས་པ་དང༌། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཟབ་ཁྲིད་པ་རྣམས་ཀྱིས་སྤོབས་ཉམས་དང་མཁས་ཉམས་སོགས་གང་ཡང་མེད་པར་སེམས་ཐག་ཉེ་པོའི་སྒོ་ནས་ཟབ་ཁྲིད་གནང་སྟངས་སོགས་ནི་ནམ་ཡང་བརྗེད་མི་ཐུབ་པར་བག་ཆགས་ཟབ་མོ་ཞིག་བཞག་སོང་ཞེས་ཚོགས་ཞུགས་པ་ཡོངས་ཀྱིས་མགྲིན་དབྱངས་གཅིག་ཏུ་བསྒྲགས། ལྷག་པར་དུ་མཁས་དབང་བྱམས་པ་ཆོས་གྲགས་ཀྱིས་ལྷག་བསམ་ཞེན་སྐུལ་གནང་སྐབས་སློབ་མ་མང་པོ་ཞིག་གིས་མིག་ནས་རང་དབང་མེད་པར་མིག་ཆུ་ཤོར་བ་དང༌། ཕ་མ་དངོས་ཀྱི་འདུ་ཤེས་བྱུང་ཟེར་ནས་ཚོགས་བཅར་བ་ཡོངས་ནས་ཁོང་ལ་བསྔགས་བརྗོད་ཀྱང་བྱས་ཡོད་པ་རེད།།
ཝཱ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།