ཡོ་རོབ་མཉམ་འབྲེལ་གྱི་བོད་དོན་སྐོར་ལ་གྲོས་ཆོད།

རྒྱ་ནག་གིས་དེ་ལ་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་སོགས་ཀྱི་མིང་སྣ་ཚོགས་བཏགས་ཏེ་ངོས་ལེན་བྱས་མེད་པ་དེར། ཡོ་རོབ་མཉམ་འབྲེལ་ངོས་ནས་ྋགོང་ས་མཆོག་གིས་དགོས་འདུན་བཏོན་པ་ཁག་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་དང་ལྷག་བསམ་རྣམ་དག་གིས་དང་ལེན་བྱེད་པར་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། དེ་བཞིན་འོས་འཕེན་གྱི་ལམ་ནས་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་མིང་ཐོག་ནས། དོན་སྙིང་ལྡན་པའི་གྲོས་མོལ་འགོ་འཛུགས་བྱས་ཏེ་ཆབ་སྲིད་ཀྱི་གནད་དོན་གྲོས་འཆམ་ཡོང་བ་ངེས་པར་དུ་བྱེད་དགོས་ཞེས་ནན་བརྗོད་བྱས་ཡོད་པ་མ་ཟད། ལོ་སྔོན་མ་སོགས་སུ་རྒྱ་ནག་གི་དབང་བསྒྱུར་ལ་བོད་མིའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་རྣམས་ལ། དྲག་པོའི་དམག་དཔུང་བཏང་སྟེ་མང་པོ་ཞིག་བསད་ཡོད་པ་དང་མཉམ་དུ་བོད་ཀྱི་ས་ཕྱོགས་གང་སར་དེང་སྐབས་བཙོན་འཇུག་དང་བཀག་ཉར་ཕོན་ཆེན་བྱས་ཡོད་པ་རྣམས། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མྱུར་དུ་གློད་གྲོལ་དགོས་ཞེས་དང༌། ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་བོད་རང་སྐྱོང་ལྗོངས་གཅིག་པུ་མིན་པར། བོད་ས་ཡོངས་རྫོགས་ལ་གཏོང་དགོས་པ་དང༌། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་མཁས་དབང་རྣམས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཉམས་ཞིབ་བྱེད་པར་ངེས་གཏོང་དགོས་པ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པ་རེད། ད་དུང་ཡོ་རོབ་མཉམ་འབྲེལ་གྱི་ཁྲིམས་བཟོ་བ་དང་ཕྱི་འབྲེལ་མཐུན་ཚོགས་ཀྱི་འཐུས་མི་གཉིས་ཀྱིས། རྒྱ་བོད་གཉིས་དབར་ད་ལྟའི་བར་གྲོས་མོལ་ཇི་ཙམ་སོང་ཡོད་རུང་དོན་ཕན་གྱི་གྲུབ་འབྲས་གང་ཡང་སོན་མེད་པར་བློ་ཕམ་ཡོད་ཅེས་ཡོ་རོབ་གྲོས་ཚོགས་ཀྱི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།།