སླར་ཡང་མུ་མཐུད་རྒྱུ་ཡིན་ནམ།
ལོ་སྔོན་མའི་ནང་བོད་ས་སྟོད་སྨད་བར་གསུམ་ནས་ཡར་ལངས་ཞི་རྒོལ་གྱི་ལས་འགུལ་གང་མང་ཞིག་སྤེལ་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་ལས་འགུལ་དེ་མུ་མཐུད་འགྲོ་བཞིན་ཡོད་སྟབས་རྒྱ་ནག་གཞུང་ལ་དཀའ་ངལ་དང་སེམས་འཚབ་ཆེན་པོ་ཡོད་པ་མ་ཟད། ཉེ་བའི་ཆར་ཨ་རིའི་གྲོས་ཚོགས་དང༌། ཡོ་རོབ་གྲོས་ཚོགས་བཅས་སུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་སྔ་རྗེས་བཞག་པ་དེར་རྒྱ་གཞུང་གིས་ཁ་ནས་སྡིགས་ར་སྐུལ་བཞིན་ཡོད་ཀྱང་དོན་དངོས་ད་ལྟ་སྲིད་བློན་ཝིན་གྱི་སྐད་ཆ་དེ་དག་གི་ཡོང་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད།
རྒྱ་ནག་གཞུང་གི་སྐད་ཆ་རེ་རེའི་རྒྱབ་ཏུ་གཡོ་སྒྱུའི་ཁུགས་པ་བཅོ་བརྒྱད་རེ་ཡོད་པ་དང༌། བཙན་བྱོལ་གཞུང་གི་ངོས་ནས་བོད་རྒྱའི་འབྲེལ་ལམ་ཐད་དྲང་མོ་དྲང་རྐྱང་བཤད་པ་ལས་ཡ་ཡོ་ཀྱག་ཀྱོག་གི་ལས་ཀ་སྣ་གཅིག་མེད་པར་བརྟེན། རྒྱ་ནག་གཞུང་གིས་ད་དུང་མུ་མཐུད་ནས་བོད་དོན་འཐབ་རྩོད་ནུས་མེད་དུ་གཏོང་ཆེད་དང༌། མཐར་གཏུག་ན་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཙན་བྱོལ་བོད་མི་རྣམས་བོད་ཡུལ་དུ་ལོག་རྒྱུ་ཙམ་ཡང་རྒྱ་གཞུང་གིས་ཁས་ལེན་བྱེད་འདོད་ཡོད་མེད་ཐད་མངོན་གསལ་དོད་པོའི་ཚིག་གཅིག་བཤད་མེད། འོན་ཀྱང་བོད་པའི་ངོས་ནས་འཚེ་མེད་ཞི་བ་དང་ཁ་བྲལ་བའི་ཐོག་ནས་གཞིས་བྱེས་མཉམ་འབྲེལ་ཐོག་ལས་འགུལ་སྤེལ་ཐུབ་ན་རྒྱ་ནག་གཞུང་ལ་རང་བཞིན་གྱིས་ཞེད་སྣང་སྐྱེ་ངེས་པ་དང༌། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ས་སྟོད་སྨད་བར་གསུམ་དུ་དམག་དཔུང་གིས་དམ་དྲག་བྱས་ཡོད་ཀྱང༌། ཡུན་རིང་པོ་ལ་འདི་ལྟར་བྱེད་རྒྱུར་མི་རྒྱུ་གཉིས་ཀའི་ཐོག་ནས་རྒྱུན་བསྲིང་ཐུབ་ཐབས་མེད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། བཙན་བྱོལ་བོད་པའི་ངོས་ནས་བཤད་ཀྱང་ཁ་ཡོད་ལག་ཡོད་ཀྱིས་འཚེ་མེད་ཞི་བ་རྒྱུན་འཛིན་བྱེད་དགོས་པ་གལ་ཆེ་ལ། འཚེ་མེད་ཞི་བ་དེ་ཡང་གླགས་མི་ཁེལ་ས་ཞིག་ལ་འཚེ་མེད་ཞི་བ་ལག་ལེན་དུ་བསྟར་བ་ཙམ་ཡིན་པར་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་འཛིན་དང་གཅིག་སྒྲིལ་གྱི་གོམ་པ་ཞིག་སྤོ་ཐུབ་ན་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲོད་ཐུབ་ངེས་སུ་གྱུར་ཡོད། ཉེ་བའི་ཆར་རྒྱ་གཞུང་གི་སྲིད་བློན་གྱིས་བཤད་པའི་སྐད་ཆ་དེ་ལ་དུས་བབས་དང་བསྟུན་པའི་ཐོག་ནས་བོད་གཞུང་གིས་གོམ་པ་སྤོ་དགོས་པ་ཞིག་ཏུ་གྱུར་ཡོད་པ་དང༌། རྒྱ་ནག་གཞུང་གིས་འབྲེལ་བ་མུ་མཐུད་བྱེད་འདོད་ཡོད་ཅེས་བརྗོད་པ་ཙམ་གྱིས་ཁྱི་ལྟོགས་དང་གློ་བ་འཕྲད་པ་ལྟར་གཏན་ནས་གནང་རྒྱུ་མེད་པར་དབྱེ་ཞིབ་གསལ་པོ་གནང་དགོས་པ་ཧ་ཅང་གལ་ཆེ་སྙམ། བཙན་བྱོལ་ཁྲོད་མེས་ཚིག་མེར་གཏུག་ཅེས་པ་འདི་བོད་རྒྱའི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་གདམ་ངག་ཅིག་ཏུ་བརྩི་བཞིན་ཡོད་ཀྱང༌། མེ་དང་གཏུག་དྲགས་ན་འཚིག་ངེས་པ་ལས་ཕན་ཐོགས་དམིགས་བསལ་ཐོན་ཐུབ་མིན་ཡང་འདས་པའི་མི་ལོ་སུམ་ཅུའི་རིང་བོད་རྒྱའི་འབྲེལ་ལམ་གྱི་གནས་སྟངས་ལ་བསྐྱར་ཞིབ་ཅིག་གནང་ན་གསལ་པོ་ཤེས་ཐུབ། དེར་བརྟེན་བོད་གཞུང་གི་ངོས་ནས་ཀྱང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་ཙམ་གྱིས་ཅི་ཡང་མི་ཕན་པས་དབྱེ་ཞིབ་གསལ་པོ་གནང་དགོས། གཞིས་བྱེས་གཉིས་ཀྱི་མི་མང་གི་ངོས་ནས་ལོ་འདིར་ལོ་སར་མ་བཏང་བ་ལྟ་བུའི་འཚེ་མེད་ཞི་བའི་ལས་འགུལ་མུ་མཐུད་གང་མང་སྤེལ་ཐུབ་ན་ཚེ་སྲོག་གི་གྱོང་གུན་ཤུགས་ཆེ་མི་རག་པ་དང༌། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པ། བོད་མི་རིགས་ཀྱི་བདེན་དོན་རྩ་བརླག་ཏུ་མི་འགྲོ་བ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་པར་སྣང༌།།