རིགས་ལམ་སློབ་གཉེར་ཁང་གི་གསལ་བསྒྲགས།
ཤེས་ཡོན་བཅས་ཀྱི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་ཏེ་མཐར་སྐུ་སྲོག་ཚུན་ཆད་བཏང་བའི་སྒོ་ནས་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད་དེ་བོད་གཞུང་འབངས་སྤྱི་དང་ལྷག་པར་དུ་རིགས་ལམ་སློབ་གཉེར་ཁང་ལ་བཀའ་དྲིན་དཔག་ཏུ་མེད་པ་བསྐྱངས་པ་དང་ཆབས་ཅིག་སངས་རྒྱས་པའི་གཞུང་ལུགས་ཆེ་མོ་ནས་གསུངས་པ་ལྟར་ཆོས་ཕྱོགས་ཀྱི་ཉམས་བཞེས་ཀྱང་ལྷོད་པ་མེད་པར་གནང་བ་སོགས་རྒྱུ་མཚན་དང་དགོས་པ་དུ་མ་གཟིགས་ཏེ། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་དགེ་དམ་པའི་ཡང་སྲིད་ཐད་དམིགས་བསལ་དགོངས་བཞེས་ཀྱིས་བཀའ་སློབ་ལམ་སྟོན་སྔ་ཕྱི་རིམ་བསྩལ་བྱུང་བ་དང༌། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ ༢༠༠༦ ཕྱི་ཟླ་ ༢ ཚེས་ ༡ ཉིན་བཟང་པོར་ལ་དྭགས་སུ་གནས་བཞུགས་ཡབ་གྷེན་ཅཱནྡ་དང་ཡུམ་སྐལ་བཟང་དབྱངས་སྐྱིད་ལགས་རྣམ་གཉིས་ཀྱི་རིགས་སྲས་བསྟན་འཛིན་ཚེ་བརྟན་ཞུ་བ་དེ་ཉིད་རིགས་སློབ་དབུ་དགེ་དམ་པའི་ཡང་སྲིད་དུ་ངོས་འཛིན་གནང་བའི་བཀའ་ཡིག་བཀའ་དྲིན་སྨིན་བསྩལ་བྱུང་ཞིང༌། བོད་རྒྱལ་ལོ་ ༢༡༣༦ བོད་ཟླ་ ༢ ཚེས་ ༡༢ ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བའི་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཚན་ཉིད་མཁན་སྤྲུལ་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག་གི་ཁྲི་འདོན་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་གཏན་འཁེལ་བ་ལགས་ན་འབྲེལ་ཡོད་སེར་སྐྱ་ཚང་མ་ངེས་ཕེབས་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས། རིགས་ལམ་སློབ་གཉེར་ཁང་གི་ཡིག་ཚང་ནས་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༡༦ ལ།།