ཏཱ་ལའི་བླ་མའི་ཡང་སྤྲུལ་གླེང་བ།

    ཆེད་རྩོམ་དེའི་ནང་འཁོད་དོན། བོད་བསྒྱུར་བཅོས་ཟེར་བའི་རྒྱ་ནག་པེ་ཅིང་གི་འགྲེམས་སྟོན་ཁང་དུ་གཞོན་ཤ་དོད་པའི་པཎ་ཆེན་བླ་མས་གཟིགས་ཞིབ་གནང་སྟེ། འབྱུང་འགྱུར་བོད་དེ་བརྟན་ལྷིང་ངང་གནས་ཐུབ་རྒྱུའི་ཁས་ལེན་བྱས་ཡོད། དེ་ཡང་རང་ལོ་༡༩ ལ་སོན་པའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུ་རྒྱ་ནག་པེ་ཅིང་དུ་བོད་བསྒྱུར་བཅོས་ཟེར་བའི་འགྲེམས་སྟོན་ཁང་དུ་རྒྱ་ནག་དབུས་གཞུང་གིས་གདན་དྲངས་པ་དང༌། རྒྱ་ནག་གཞུང་གི་ངོས་ནས་འབྱུང་འགྱུར་བོད་ཀྱི་གནད་དོན་རྣམས་རྒྱ་ནག་གི་འདོད་པ་བཞིན་པཎ་ཆེན་བླ་མས་རོགས་རམ་ཡོང་རྒྱུར་རེ་བ་ཆེན་པོ་རྒྱག་བཞིན་ཡོད་ཅིང༌། རྒྱ་ནག་གཞུང་གིས་མཐོང་ཆེན་བྱེད་བཞིན་པའིཔཎ་ཆེན་བླ་མ་འདི་ནི། ཕྱི་ལོ་༡༩༩༥ ལོར་པཎ་ཆེན་སྐུ་ཕྲེང་༡༠ པའི་ཡང་སྤྲུལ་དུ་རྒྱ་ནག་གཞུང་གིས་ངོས་འཛིན་གནང་བ་ཞིག་རེད་ཅེས་དང༌། ད་ལྟ་དགུང་ལོ་༧༣ ལ་ཕེབས་པའི་ྋཏཱ་ལའི་བླ་མ་མཆོག་ནི་རྒྱ་ནག་དམར་ཕྱོགས་ཚོགས་པས་དགྲ་ལ་ངོས་འཛིན་བྱེད་བཞིན་ཡོད་ཅིང༌། ནམ་ཞིག་ཁོང་ཉིད་སྐུ་འཚོ་བཞུགས་མེད་པའི་སྐབས་ད་ལྟའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ཆ་གཟེངས་སུ་ཐོན་པའི་ངང་བདག་གིར་བྱེད་ཐུབ་པར་རེ་བ་རྒྱག་བཞིན་ཡོད་པ་རེད། སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་བྱས་ན་ྋཏཱ་ལའི་བླ་མའི་ཡང་སྤྲུལ་པཎ་ཆེན་བླ་མས་ངོས་འཛིན་བྱེད་སྲོལ་ཡོད་པས། ལོ་བཅུ་ཕྲག་གཉིས་ཙམ་གྱི་རྗེས་སུ་རྒྱ་ནག་གིས་རྒྱབ་རྩ་བྱེད་བཞིན་པའི་པཎ་ཆེན་བླ་མ་འདིས། ྋཏཱ་ལའི་བླ་མའི་ཡང་སྤྲུལ་ཞིག་ངོས་འཛིན་གནང་སྐབས་ྋཏཱ་ལའི་བླ་མ་དེའང་ད་ལྟའི་པཎ་ཆེན་བླ་མ་བཞིན། རྒྱ་ནག་དབུས་གཞུང་གི་ཆབ་སྲིད་ལམ་སྲོལ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་རྒྱུར་རེ་བ་རྒྱག་བཞིན་ཡོད་པ་རེད་ཅེས་དང༌།
    སྤྱིའི་ཆ་ནས་པཎ་ཆེན་བླ་མ་འདི་མཐོང་བ་ཤིན་ཏུ་དཀོན་ལ་ཁོང་གིས་ལོ་འགའི་ནང་ཧ་ཅང་གལ་གནད་ཆེ་བའི་ལས་དོན་ལ་མདུན་བསྐྱོད་བྱས་ཡོད་ཅིང༌། དེ་རིང་གི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་ཡང་དྲིལ་བསྒྲགས་སོགས་དེ་ཙམ་བྱས་མེད་ལ། འདས་ཟིན་པའི་ལོ་གྲངས་འགའི་ནང་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་པཎ་ཆེན་བླ་མར་བཅར་འདྲི་བྱེད་རྒྱུ་སོགས་བཀག་བསྡོམས་བྱས་ཡོད་པ་རེད། འདིའི་རྒྱུ་མཚན་གང་ཡིན་མིན་ལ་སྐད་ཆ་འདྲི་མཁན་དང་དོགས་པ་ཟ་མཁན་མི་མང་པོ་ཡོད་རུང་འདིའི་ལན་ནི་ཧ་ཅང་སྟབས་བདེ་ཡིན། དེ་ཡང་ཕྱི་ལོ་༡༩༩༥ ལོར་བཙན་བྱོལ་དུ་བཞུགས་ཡོད་པའི་ྋཏཱ་ལའི་བླ་མ་ཁོང་གིས་དགེ་འདུན་ཆོས་ཀྱི་ཉི་མ་ཟེར་བ་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྤྲུལ་དུ་ངོས་འཛིན་བྱས་ཡོད་པས། བོད་དམངས་ཁྲོད་ནས་ྋཏཱ་ལའི་བླ་མས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་དེ་ལ་དད་པ་བྱེད་པ་ལས། རྒྱ་ནག་དབུས་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་འདི་པཎ་ཆེན་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་བྱེད་ཀྱི་མེད་པ་རེད། སྟབས་མ་ལེགས་པ་ཞིག་ལ་ྋཏཱ་ལའི་བླ་མས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་དེ་རྒྱ་ནག་གཞུང་གིས་བཀར་ཉར་བྱས་ཏེ། བོད་དམངས་ཁྲོད་དུ་ཁོང་མཇལ་རྒྱུ་མེད་ལ་ད་ལྟ་གང་དུ་ཡོད་མེད་ཀྱང་ཤེས་མཁན་མེད་པ་རེད་ཅེས་དང༌།
    འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་དགེ་འདུན་ཆོས་ཀྱི་ཉི་མ་ཆབ་སྲིད་བཙོན་པ་ཆགས་ཡོད་པ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་རུང༌། རྒྱ་ནག་གཞུང་གི་ངོས་ནས་པཎ་ཆེན་བླ་མ་དང་ཁོང་གི་ནང་མི་ཚང་མ་བདེ་འཇགས་ངང་གནས་ཡོད་པས། ཕྱི་ལོག་ནས་ཁོང་གི་བདེ་འཇགས་ལ་བར་ཆད་གཏོང་བཅུག་འདོད་མི་འདུག་ཅེས་དྲིལ་བསྒྲགས་བྱས་ཡོད་པ་རེད། ཡིན་ནའང་ྋཏཱ་ལའི་བླ་མ་མཆོག་གིས་ཁོང་གི་ཡང་སྤྲུལ་བོད་ཕྱི་ལོག་ཏུ་ཕེབས་རྒྱུ་ཡིན་པའི་དགོངས་བཞེད་མང་པོ་གསུངས་ཡོད་པས། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་ྋཏཱ་ལའི་བླ་མའི་ཡང་སྤྲུལ་ངོས་འཛིན་བྱེད་པའི་གོ་སྐབས་སྤྲད་པ་ཞིག་ཀྱང་རེད་ཅེས་དང༌།
     རང་ལོ་༡༩ སོན་ཞིང་རྒྱ་ནག་དམར་ཕྱོགས་ཚོགས་པའི་བཀོད་མངགས་ལ་བརྩི་སྲུང་བྱེད་བཞིན་ཡོད་པའི་པཎ་ཆེན་བླ་མ་འདི་ལ། ད་ལྟ་བཙན་བྱོལ་དུ་གྱར་བསྡད་པའི་བོད་མི་ཚོས་ནམ་ཡང་ྋཏཱ་ལའི་བླ་མའི་ཡང་སྤྲུལ་ངོས་འཛིན་ཐག་གཅོད་བྱེད་པའི་གོ་སྐབས་སྤྲོད་མི་སྲིད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ཅེས་གསར་ལམ་ཁག་དང་དྲ་རྒྱ་ཁག་གི་ནང་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད། །