བོད་ཀྱི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང༌།
བོད་པ་རང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་བཏོན་པའི་གསར་འགྱུར་ལྟ་ཀློག་དང་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད་པའི་རྣམ་པ་ཞིག་མངོན་གྱི་འདུག་པས། ང་ཚོས་དེའི་ཐད་དོ་སྣང་ཤུགས་ཆེ་ཙམ་གནང་ནས་ང་ཚོའི་ངོས་ནས་ཕར་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་གནང་དགོས་ཀྱི་འདུག་ཅེས་དང༌། ལྷན་ཁང་གང་ཞིག་ཏུ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་སླེབས་སྐབས་མི་གཅིག་མི་འདུག་ཟེར་ནས་འབྲེལ་བ་བྱེད་ས་མེད་པའི་གནས་ཚུལ་དེ་འདྲ་ཡང་ཡོང་གི་འདུག དེའི་ཐད་ལས་བྱེད་མང་དུ་གཏོང་དགོས་ཀྱི་འདུག་གམ་ཡང་ན་ཐབས་ཤེས་ག་རེ་འདུག་ཐུགས་བསམ་བཞེས་དགོས་ཀྱི་འདུག་ཅེས་དང༌།
དེང་སང་རྒྱ་མི་རིགས་དང་མཉམ་དུ་འབྲེལ་བ་བྱེད་དགོས་པ་གལ་ཆེན་པོ་ཡིན་པས། ཨ་རིའི་དོན་གཅོད་དང༌། ཡོ་རོབ་དོན་གཅོད། འཇར་པན་དོན་གཅོད། ཨོ་སི་ཁྲུ་ལི་ཡའི་དོན་གཅོད་སོགས་སུ་རྒྱ་མི་ལ་འབྲེལ་བ་བྱེད་མཁན་ལས་བྱེད་དམིགས་བསལ་བཀོད་སྒྲིག་བྱེད་དགོས་པ་གལ་ཆེན་པོ་འདུག་ཅེས་དང༌། ཛ་དྲག་གནས་སྟངས་ཀྱི་མ་དངུལ་ཐེབས་རྩ་འཛུགས་ཐུབ་ན་དེ་ཡང་གྲ་སྒྲིག་སྡུག་ས་ནས་བྱས་པ་ཞིག་ཆགས་ཀྱི་ཡོད་རེད། མ་འོངས་པར་དཀའ་ངལ་ཆེན་པོ་མི་འཕྲད་པའི་ངེས་པ་མེད་སྟབས་དེས་ཕན་ཐོགས་ཡོང་གི་རེད་སྙམ་གྱི་འདུག་ཅེས་དང༌། བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལས་འགུལ་གཅིག་མཚུངས་ལྟ་བུ་སྤེལ་བསྡད་ན་ནུས་པ་མེད་པ་དང༌། དེ་ལས་བསམ་བློ་བཏང་ནས་ཚོགས་པ་མི་འདྲ་བ་རེས་ལས་འགུལ་མི་འདྲ་བ་རེ་སྤེལ་ཐུབ་དགོས་པ་གལ་ཆེན་པོ་འདུག བོད་གཞུང་གིས་ཕྱག་ལས་མ་གནང་བ་མ་རེད་དེ། ད་དུང་དེ་ལས་ཤུགས་ཆེ་ཙམ་གནང་ཐུབ་ཀྱི་རེད་ལ་གནང་དགོས་ཀྱི་འདུག མ་འོངས་པར་ལས་འགུལ་སྤེལ་ཕྱོགས་ཐད་བཀའ་ཤག་དང་སྤྱི་འཐུས་མཉམ་འབྲེལ་གྱིས་དམིགས་བསལ་ཚོགས་འདུ་འཚོག་དགོས་ཀྱང་འཚོགས་ནས་ཐག་གཅོད་བྱེད་དགོས་ཀྱི་འདུག་ཅེས་དང༌།
བོད་ནང་གི་བོད་མི་ཚོས་རང་སྲོག་བློས་བཏང་གནང་བའི་སེམས་ཤུགས་དེར། བཙན་བྱོལ་དུ་ཡོད་པའི་བོད་གཞུང་དང་མཛད་གཙོ་རྣམ་པའི་ངོས་ནས་དེ་སོ་སོར་གྱོང་རག་པ་དང༌། རྡུང་རྡེག་ཕོག་པ་དེ་སྡུག་གྱོང་རེད་མ་གཏོགས་ཕན་ཐོགས་ཡོད་མ་རེད་མདོག་མདོག་གསུང་ཉན་གྱི་མི་འདུག སེམས་ཤུགས་དེ་ལས་ཤུགས་ཆེན་པོ་སྤར་ཐུབ་དགོས་པའི་ཐད་ལ་བསམ་བློ་གཏོང་དགོས་པ་དང༌། ད་ལྟའི་ཞི་བའི་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་དག་མཚམས་ཆད་འཇུག་རྒྱུ་མི་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ལ་བརྟེན་ནས་གསར་འགོད་པ་གང་མང་བོད་དུ་གཏོང་ཐབས་བྱེད་དགོས་འདུག་ལ། དོན་གྱི་བདག་པོ་བོད་ནང་གི་བོད་མི་ཚོ་ཡིན་ཞེས་ནམ་རྒྱུན་བཤད་ཀྱི་ཡོད་པ་བཞིན། བོད་ནང་གི་བོད་མི་ཚོས་ག་རེ་བཤད་ཀྱི་འདུག འདོད་པ་ག་རེ་འདུག་དེ་དང་བསྟུན་དགོས་པ་གལ་ཆེན་པོ་རེད་དྲན་གྱི་འདུག དེ་བཞིན་ད་ལྟའི་བར་བོད་གཞུང་གིས་ཚུར་ཕྱོགས་དེ་ན་བོད་མི་མང་པོ་དམར་གསོད་དང་བཙོན་འཇུག་བྱེད་ཀྱི་ཡོད་ཀྱང༌། བོད་གཞུང་ངོས་ནས་རྒྱ་ནག་ལ་ངོ་སྲུང་གང་འཚམས་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་གྱི་འདུག དེ་འདྲ་མ་གནང་བར་བོད་ནང་གི་བོད་མི་ཚོས་ག་རེ་བྱས་པ་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་པ་དང༌། བོད་ནང་གི་བོད་མི་ཚོས་ག་རེ་བྱས་པ་དེ་ང་ཚོས་སྐུལ་སློང་བྱས་པ་མིན་ཞེས་བཤད་ནས་བསྡད་པ་གཅིག་པུས་འགྲིག་གི་མི་འདུག དེས་བོད་ནང་གི་བོད་མི་ཚོ་ལའང་གོ་བ་ལོག་པ་ཞིག་ཐེབས་པའི་ཉེན་ཁ་འདུག དེ་བཞིན་རྒྱ་ནག་གིས་རྒྱལ་སྤྱིའི་ནང་འཁྱོག་བཤད་དྲིལ་བསྒྲགས་གང་བྱས་པ་དེར་ང་ཚོས་དུས་ཐོག་ལ་ལན་འདེབས་ནན་པོ་བྱེད་མ་ཐུབ་ན། རྒྱ་ནག་གིས་བཤད་པ་དེ་དག་བདེན་པ་ཡིན་པ་ལྟ་བུ་མི་ཆགས་པའི་ངེས་པ་མི་འདུག མདོར་ན་བོད་ཕྱི་ནང་གཉིས་དབར་འབྲེལ་བ་གང་མང་བྱེད་ཐུབ་དགོས་པ་དང༌། སྔར་འབྲེལ་བ་མེད་ན། ང་ལ་འབྲེལ་བ་བྱེད་ས་མེད་ཅེས་མི་འདུག་པར་འབྲེལ་བ་ངེས་པར་དུ་བཟོ་དགོས་པ་དང༌། གཙོ་ཆེ་ཤོས་རྡོག་རྩ་གཅིག་སྒྲིལ་གྱིས་ལས་འགུལ་གང་མང་ཞི་བའི་ཐོག་ནས་སྤེལ་ཐུབ་དགོས་ཀྱི་འདུག་ཅེས་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བགྲོ་གླེང་དང་དགོངས་ཚུལ་ལྷུག་པོ་གནང་བཞིན་ཡོད་པ་རེད།།