ཁྱེད་ཀྱིས་ཅི་ཞིག་ལ་གསར་འགྱུར་ཟེར་ཀྱི་ཡོད།

འདི་ལྟར་ལྟ་གྲུབ་དང་མཚན་ཉིད་ངེས་ཅན་གྱི་སྡོམ་ཚིག་གཅིག་ཀྱང་འཇོག་མཁན་མེད་ལ། འཛམ་གླིང་གི་གསར་འགོད་ལས་རིགས་ཆེད་མཁས་པ་སུ་གཅིག་གིས་ཀྱང་ཐག་ཆོད་དང་གཅིག་གྱུར་གྱི་མཚན་ཉིད་ཡོད་པ་མ་རེད་ཟེར་ནས་བཤད་ཀྱི་ཡོད་པ་རེད། རེད་དེ་ང་ཚོས་ངེས་པར་ན་གསར་འགོད་པ་ཞིག་ལ་རང་དབང་དང་ཐོབ་ཐང་ག་འདྲ་ཞིག་ཡོད་པ་རེད་ཟེར་ནའང་བཤད་རྒྱུ་མི་རྙེད་པར་ལུས་ནས་འདུག་མཁན་ཡོད་པ་ཡང་དངོས་ཡོད་གནས་ཚུལ་ཞིག་རེད། གསར་འགོད་རང་དབང་ཟེར་བ་ག་རེ་རེད། དཔེར་ན། གསར་འགོད་པ་ཞིག་གིས་གནས་ཚུལ་ཞིག་རྙེད་སྐབས་གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་ཞིག་གིས་འདི་གསར་འགྱུར་ནང་གཏོང་མི་ཆོག་ཟེར་ན་གསར་འགོད་པས་འབྲི་མི་ཆོག་པ་རེད་དམ། དེ་བཞིན་གལ་ཆེན་མི་སྣ་ཞིག་གམ་གསང་བའི་ས་གནས། ཡང་ན་ཉེན་ཁ་ཅན་གྱི་དངོས་པོ་ཞིག་འདྲ་པར་ལེན་མི་ཆོག་པའི་རེ་སྐུལ་བྱས་པའམ་བརྡའ་བྱང་སྦྱར་ཡོད་ན་གསར་འགོད་པས་ཡང་པར་ལེན་མི་ཆོག་པ་རེད་དམ། གལ་ཏེ་དེ་ལྟ་བུའི་མི་ཆོག་པའི་གནས་ཚུལ་ཞིག་གསར་འགོད་པ་ཞིག་གིས་གསར་འགྱུར་དུ་བཏང་པའམ་འདྲ་པར་བླང་པ་ཡིན་ན། གསར་འགོད་པ་ཁྲིམས་དང་འགལ་བ་ཆགས་པ་རེད་དམ། ཡང་ན་གསར་འགོད་པ་ཞིག་ཡིན་ཕྱིན་གནས་ཚུལ་གང་ཡིན་ཡང་ཆོག་མི་ཆོག་གང་ལ་ཡང་ལྟོས་མི་དགོས་པར་རང་དབང་ལྟར་གླེང་ཆོག་པ་རེད། གསར་འགོད་པར་ཐོབ་ཐང་ག་རེ་ཡོད་པ་རེད། གསར་འགོད་པ་སུ་ཡིན་ཡང་གསར་འགོད་ཆོག་ཡིག་གམ་ལག་ཁྱེར་རེ་ཁུར་རྒྱུ་ཡོད་པ་རེད། རེད་དེ་ལག་ཁྱེར་དེ་ཁུར་ནས་ས་མཚམས་གང་ཞིག་བར་དུ་འགྲོ་ཆོག་གི་རེད། བོད་པའི་གསར་འགོད་པ་ཚོས་རང་གི་ལག་ཁྱེར་བསྟན་ནས་འགྲོ་སྐབས་ཉེན་རྟོགས་པ་དང་ས་འགོ་འཛིན་ལྟ་བུ་ཞིག་གིས་ཡང་བསྐྱར་ངོས་སྤྲོད་དཔང་ཡིག་མེད་པར་འགྲོ་མི་ཆོག་པ་རེད་དམ། རྒྱ་སྤྱིའི་ཐོག་གམ་རྒྱལ་ཁབ་བྱེ་ཕྲག་པ་ཞིག་གང་ཡིན་ཡང་གསར་འགོད་པའི་ཐོབ་ཐང་དང་རང་དབང་གི་ཁྲིམས་ཡིག་རྩ་འཛིན་ཡོད་ན། ང་ཚོའི་བཙལ་བྱོལ་བོད་གཞུང་གིས་གང་ལ་རྩ་འཛིན་བྱེད་ཀྱི་ཡོད་པ་རེད།

ངས་དེ་རིང་གོང་གི་གླེང་གཞི་འདིའི་ཐོག་བོད་ཀྱི་བང་ཆེན་དྲ་རྒྱའི་ནང་བགྲོ་གླེང་བྱེད་འདོད་བྱུང༌། ལྷག་པར་རྩོམ་སྒྲིག་པ་དང་གསར་འགོད་པ། རྩོམ་པ་པོ་ཚོར་གནད་དོན་འདིའི་སྐོར་བགྲོ་གླེང་བྱེད་འདོད་བྱུང༌། དེ་ནས་རྣམས་པ་ཚོས་དགོངས་ཚུལ་ལྷུག་པོ་གསུངས་དང༌།