བོད་གཞུང་གི་སྔོན་རྩིས་གནས་སྟངས།

བཙན་བྱོལ་གཞུང་ཞིག་ལ་མཚོན་ན་སྔོན་རྩིས་ལ་བརྟེན་ནས་སྲིད་བྱུས་གང་འདྲ་བཟུང་ཡོད་མེད་གསལ་རྟོགས་ཐུབ་དཀའ་ཡང༌། འགྲོ་གྲོན་ཆ་བགོས་བྱེད་སྟངས་ཀྱི་ཁ་ཕྱོགས་ལ་བལྟས་ན་རོབ་ཙམ་ཤེས་ཐུབ་པ་ཞིག་རེད། རྩིས་ལོ་འདི་ལ་མཚོན་ན་བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་ཆ་བགོས་གནང་སྟངས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཐོག་ལ་བརྒྱ་ཆ་༢༩ བཏང་ཡོད་པ་མང་ཤོས་ཡིན་པ་དང༌། དེ་ཡང་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པ་དང༌། བོད་ནང་གི་གནས་སྟངས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་དེ་ལྟར་དགོས་ངེས་པ་ཞིག་ཏུ་གྱུར་ཡོད། སྤྱི་ཚོགས་བདེ་དོན་གྱི་ཐོག་ལ་བརྒྱ་ཆ་༢༣ བཏང་བ་དེ་མང་ཤོས་གཉིས་པ་དེ་ཆགས་ཡོད་པ་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་དུ་གནས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་བཙན་བྱོལ་བོད་གཞུང་གི་ལས་འགན་གལ་ཆེ་ཤོས་དེ་བོད་དོན་བདེན་མཐའ་གསལ་ཐབས་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁ་འཐོར་དུ་མི་འགྲོ་བར་གཅིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པའི་ཆ་ནས་སྤྱི་ཚོགས་བདེ་དོན་གྱི་ཐོག་ལ་འགྲོ་སོང་གཏོང་ཕྱོགས་དེ་ཡང་འོས་འཚམས་ཤིག་ཏུ་གྱུར་ཡོད། དེ་བཞིན་ཤེས་ཡོན་གྱི་སྐོར་ལ་བརྒྱ་ཆ་༡༩ གནང་བ་དེ་ཡང་མ་འོངས་པའི་རྐང་འཛིན་པ་བུ་ཕྲུག་རྣམས་ཀྱི་ཆེད་དུ་ཡིན་པས་ཧ་ཅང་གལ་ཆེ་ཞིང༌། གཞན་འཕྲོད་བསྟེན་གྱི་སྐོར་ལ་བརྒྱ་ཆ་༡༢ དང༌། འཛིན་སྐྱོང་གི་སྐོར་ལ་བརྒྱ་ཆ་༩ ཆོས་དང་རིག་གཞུང་གི་སྐོར་ལ་བརྒྱ་ཆ་༥ ངེས་ཅན་དང་ཁྲིམས་བཟོའི་སྐོར་ལ་བརྒྱ་ཆ་༣ བཅས་ཆ་བགོས་གནང་ཡོད་པ་དེ་དག་ཀྱང་བཙན་བྱོལ་གཞུང་ཞིག་ཡིན་པའི་ཆ་ནས་འོས་འཚམས་ཤིག་ཏུ་མཐོང༌།
    སྤྱིར་ལོ་འདིར་རྒྱལ་སྤྱིའི་ཐོག་དཔལ་འབྱོར་ཉམས་གུད་ཤུགས་ཆེ་འགྲོ་བཞིན་པར་བརྟེན་བཙན་བྱོལ་གཞུང་ལ་ཕྱི་ཕྱོགས་ནས་རོགས་རམ་སོགས་ཀྱི་ཐོག་ལ་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན་ཡང༌། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་ནང༌། དེང་གི་ཆར་རྒྱལ་སྤྱིའི་དཔལ་འབྱོར་ཉམས་གུད་དུ་འགྲོ་བཞིན་པའི་གནས་སྟངས་འདིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་དང་བོད་མི་སྒེར་སོ་སོའི་དཔལ་འབྱོར་གནས་བབ་ཐོག་རང་བཞིན་གྱིས་དོ་ཕོག་ཡོང་གཞིར་སོང་བས་ཚང་མས་དགོས་ངེས་ཀྱིས་བསྲི་ཚགས་དང་ལྷག་པར་རྒྱས་སྤྲོས་ཆེ་བའི་འགྲོ་གྲོན་རིགས་གཏོང་མ་དགོས་པའི་འབད་བརྩོན་གང་ཐུབ་གནང་གལ་ཆེ་བ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། གཞན་ཡང་ཕྱི་རྒྱལ་ཁག་ལ་དཔྱ་དངུལ་འབུལ་ཆད་ཆག་ཡངས་གནང་བ་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་དང༌། ད་ལྟའི་ཆར་བཙན་བྱོལ་བོད་མིའི་དྭངས་བླངས་དཔྱ་ཁྲལ་འབུལ་འབབ་དེ་རྩིས་ལོ་༢༠༠༧་་༢༠༠༨ ནང་ས་ཡ་༦༡ བརྒལ་ཡོད་པ་མ་ཟད། ལོ་འདིའི་སྔོན་རྩིས་ཡོང་དམིགས་ཀྱི་བརྒྱ་ཆ་༡༠ དང་གྲང་ཆུང་༧༣ ཟིན་ཡོད་པ་རེད། དེར་བརྟེན་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བཙན་བྱོལ་བོད་རིགས་རྣམས་ཀྱི་ངོས་ནས་བོད་མི་རིགས་དང་རྒྱལ་ཁབ་ཛ་དྲག་གི་གནས་སུ་གྱར་བའི་སྐབས་འདིར་རང་ནུས་ཡོད་ཚད་ཀྱིས་དྭངས་བླངས་དཔྱ་ཁྲལ་འབུལ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་པ་མ་ཟད། འདི་ལ་བརྟེན་ནས་མ་འོངས་པར་བོད་དོན་བདེན་མཐའ་གསལ་བའི་སྐབས་སུ་སྤོབས་པ་བྱེད་འོས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། དེར་བརྟེན་མི་མང་གི་ངོས་ནས་བཙན་བྱོལ་བོད་གཞུང་གི་ལོ་རེའི་སྔོན་རྩིས་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་རང་རང་གི་འཁོས་འབྱོར་ལ་གཞིགས་པའི་རྒྱབ་སྐྱོར་ཞུ་དགོས་པ་དེ་ཡང་གལ་ཆེན་པོར་གྱུར་ཡོད་པ་རེད།།